ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་པས། ཆབ་སྲིད་དང་ལོ་རྒྱུས། རིག་གནས་ཀྱི་བར་ཁྱད་ལས་བརྒལ་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་ཨང་དང་པོ་མང་པོ་གསར་གཏོད་བྱས། སང་ལོ་ནི་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཉམས་མྱོང་བཟང་པོ་སྤྱི་སྡོམ་བྱེད་པ་དང་། འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ། སྒོ་འབྱེད་བཟོད་སྒོམ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འགལ་རྩོད་ཐག་གཅོད་བཟང་པོ་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁ་གསབ་དགེ་མཚན་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དེ། ཐོན་ལས་མུ་ཁྱུད་དང་མཁོ་འདོན་མུ་ཁྱུད་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་ཁྲོད་ཞུགས་པར་དགའ་བསུ་ཞུས་པ་དང་། ནེའུ་ཙི་ལན་ཕྱོགས་བར་གྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ། དག་གཙང་ནུས་ཁུངས། ཟས་རིགས་བདེ་འཇགས། ཚན་རྩལ་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱིས་ལུའུ་དབྱི་ཨེ་ལིས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ན་གཞོན་གྱིས་ཕན་ཚུན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པར་སྐུལ་སློང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོབ་དང་ལག་བསྟར་བྱས་ཏེ། ཁུལ་ཁོངས་དཔལ་འབྱོར་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ནེའུ་ཙི་ལན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་རྩ་འཛུགས་གྲོས་ཚོགས་ཀྱི་མགྲོན་བདག་གི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་འབད་འཐབ་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ཐད་ནས་གྲུབ་འབྲས་བཟང་པོ་ལེན་པར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། ས་ཁུལ་གྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཚེ་སྲོག་ཐུན་མོང་ཚོགས་པ་འཛུགས་པའི་ཐད་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཟེར།

ཨ་ཏི་ཨིན་གྱིས་བཤད་རྒྱུར། ཀྲུང་གོས་ནེའུ་ཙི་ལན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གྲོས་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་བའི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གཟའ་འཁོར་རྗེས་མར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་ནས། མཉམ་ལས་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁུལ་དཔལ་འབྱོར་སྒོ་འབྱེད་དཀྱེལ་ཡངས་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་བཟང་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།