ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཧྲང་ཧེ་ནས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་བཞི་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གཙོ་དོན་གསུང་བཤད་ཀྱིས་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཐད་བཅངས་པའི་ཆོད་སེམས་མངོན་པར་བྱས་ཡོད་ལ། ཀྲུང་གོའི་སྒོ་འབྱེད་མཉམ་ལས་ཐད་ཀྱི་ཁ་ཕྱོགས་བསྟན་ཡོད་པས། འཛམ་གླིང་གིས་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བ་དང་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བའི་ཐད་ཤན་ཤུགས་གལ་ཆེན་ཐེབས་ངེས་ཟེར།

ཝང་ཆི་ཧྲན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་མཉམ་བསྲེས་གཏིང་ཟབ་བྱས་ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཁེ་ཕན་སྔར་ལས་དམ་སྦྲེལ་བྱས་ཡོད། ཁྱབ་ཁོངས་སྔར་ལས་ཆེན་པོ་དང་ཆུ་ཚད་སྔར་ལས་མཐོན་པོའི་སྟེང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པ་ནི། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། གོ་སྐབས་དམ་འཛིན་བྱེད་པ་དང་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཐབ་ཇུས་གདམ་གསེས་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱས་ནས། མིའི་རིགས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་དགོས། གཅིག་ནས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རྒྱུན་མཐུད་ངང་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་བཏོན་པའི་ཁེ་ལས་ལ་ལྟ་སྟངས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་ནས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་ར་དང་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཐད་ཆ་རྐྱེན་སྔར་ལས་བཟང་པོ་བསྐྲུན་དགོས། གཉིས་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་ལ་བརྟེན་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་སྒྱུར་ཁ་ཕྱོགས་ཡང་དག་པའི་ཐད་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ནུས་པ་སྔར་ལས་བཟང་པོ་འདོན་པར་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་མཐོར་འདེགས་བཏང་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས། གསུམ་ནས་ཧུར་ཐག་གིས་འཛམ་གླིང་གི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། ཚད་གཞི་མཐོ་བའི་རང་དབང་ཉོ་ཚོང་གྲོས་མཐུན་སྔར་ལས་མང་པོ་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་རྐྱེན་སྲོལ་མཉམ་ལས་ཁྲོད་ཞུགས་དགོས། རང་ནུས་ཅི་ལྕོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་འགོག་དངོས་ཟོག་དང་འགོག་སྨན་འདོན་སྤྲོད་བྱས་ནས། རྒྱལ་ཁབ་སོ་སོས་རིམས་ནད་འགོག་རྒོལ་ཐད་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སླར་གསོ་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

ཝང་ཆི་ཧྲན་ཚེས་བཞི་ཉིན་ད་དུང་ནང་འདྲེན་འགྲེམ་ཚོགས་སྐབས་བཞི་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁེ་ལས་ཀྱི་འགྲེམ་སྟོན་ལ་སྐོར་ཞིབ་བྱས་པ་དང་། ཚེས་ལྔ་ཉིན་ཁོང་གིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྡོ་རིང་དང་། མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་སྟེ་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཆེད་དོན་འགྲེམ་སྟོན་ལ་བལྟས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།