ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་མགོ་ཚུགས་མཛད་སྒོའི་སྟེང་བརྗོད་དོན་གསུང་བཤད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ11པའི་ཚེས4ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་འགྲེམ་དངོས་མང་སྟོན་ཚོགས་སྐབས་བཞི་པའི་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་དེ《སྒོ་འབྱེད་དཔྱིད་རླུང་འཛམ་གླིང་ཡོངས་ལ་ཁྱབ》ཅེས་པའི་བརྗོད་དོན་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་བའི་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་དེ《སྒོ་འབྱེད་ཀྱི་དཔྱིད་རླུང་འཛམ་གླིང་ཡོངས་ལ་ཁྱབ》ཅེས་པའི་བརྗོད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་སྟོན་ཚོགས་སྐབས་བཞི་བའི་སྟེང་ཞུགས་པའི་སྐུ་མགྲོན་དང་གྲོགས་པོ་གསར་རྙིང་ཚང་མ“དྲ་སྟེང”དུ་འཕྲད་པར་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་ནི་གནའ་ནས་ད་བར་དུ་ཁ་དན་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱེད་མཁན་ཞིག་ཡིན། ངེད་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་སྟོན་ཚོགས་སྐབས་གསུམ་པའི་སྟེང་སྒོ་འབྱེད་བྱེད་ཐབས་རྒྱ་བསྐྱེད་དགོས་ཞེས་པ་དེ་ད་ལྟ་ཕལ་ཆེར་དངོས་འབབ་བྱས་ཟིན། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ན་ནིང་གོ་ལ་ཧྲིལ་བོ་ནས་དངོས་ཟོག་ཉོ་ཚོང་ཚད་ཡར་འཕར་བའི་དཔལ་འབྱོར་གྱི་རྒྱལ་ཁབ་གཅིག་པུ་རུ་གྱུར་ཡོད་སྟབས། གོ་ལ་ཧྲིལ་བོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་འབྱུར་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་གོ་ལ་རང་བཞིན་གྱིས་མར་ཆག་བཞིན་ཡོད།  ང་ཚོས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་གོམ་འགྲོས་ལ་དམ་འཛིན་གང་ལེགས་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བར་རྒྱབ་སྐྱོར་དང་། སྣ་གཅིག་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། འགྲོ་བ་མིའི་རིགས་སྔར་ལས་ལྷག་པར་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  སྒོ་འབྱེད་ནི་དེང་གི་ཀྲུང་གོའི་ཁྱད་རྟགས་གཙོ་བོ་ཡིན། ད་ལོ་ནི་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་ཏེ་ལོ་འཁོར20ལོན་པའི་ལོ་ཡིན།  ཉེ་བའི་ལོ་ངོ20རིང་། ཀྲུང་གོས་དེང་ཐོག་རྩ་འཛུགས་འདི་ཉིད་ནང་ཞུགས་དུས་ཀྱི་དམ་བཅའ་ལྟར། མུ་མཐུད་དུ་སྒོ་འབྱེད་རྒྱ་སྐྱེད་བྱས་ཏེ་ཀྲུང་གོ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འགྲོགས་ནས་འཛམ་གླིང་དཔལ་འབྱོར་ལ་སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་བྱས། འདས་པའི་ལོ་ངོ20ནི་ཀྲུང་གོ་བཅོས་སྒྱུར་གཏིང་ཟབ་དང་ཁྱོན་ཡོངས་ནས་སྒོ་འབྱེད་བྱས་པའི་ལོ་ངོ20དང་། ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་གདོང་གཏད་པའི་ལོ་ངོ20། ཀྲུང་གོས་རང་འགུལ་ངང་འགན་འཁྲི་དང་དུ་བླངས་ཤིང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ལོ་ངོ20རེད། ལོ་ངོ20རིང་གི་ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ནི་ཀྲུང་གོ་མི་དམངས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགྱུར་མེད་ཀྱི་སྣེ་ཁྲིད་འོག་དཀའ་སྤྱད་སྡུག་རུས་དང་དཔའ་ངར་ཞུམ་མེད་བྱས་པ་ལས་ཐོབ་པ་དང་། ཀྲུང་གོས་རང་འགུལ་ངང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་གཉིས་ཕན་མཉམ་རྒྱལ་ལག་བསྟར་བྱས་པའི་གྲུབ་འབྲས་རེད།  ངེད་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ནང་ཞུགས་མཁན་དང་ཀྲུང་གོའི་སྒོ་འབྱེད་འཕེལ་རྒྱལ་ལ་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། 

པར་འདི་ནི་ཟླ11པའི་ཚེས4ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་དངོས་ཟོག་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་དེ《སྒོ་འབྱེད་ཀྱི་དཔྱིད་རླུང་འཛམ་གླིང་ཡོངས་ལ་ཁྱབ》ཅེས་པའི་བརྗོད་དོན་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཞིག་དང་མི་རིགས་ཤིག་དར་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་མདུན་དུ་བསྐྱོད་ཟིན་པའི་ལོ་རྒྱུས་ཀྱི་གཏན་ཚིགས་རིག་པའི་ནང་མདུན་དུ་བསྐྱོད་དགོས་ལ། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་གོང་སྤེལ་དུ་གཏོང་དགོས།  ཀྲུང་གོའི་སྒོ་འབྱེད་རྒྱ་སྐྱེད་ཀྱི་ཆོད་སེམས་འགྱུར་མི་སྲིད་ལ། འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་འགྱུར་མི་སྲིད། དཔལ་འབྱོར་གོ་ལ་ཅན་གྱི་ཕྱོགས་སུ་བསྐྱོད་དེ་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་ཆོད་སེམས་ཀྱང་འགྱུར་མི་སྲིད། 

མཐར་ཞི་ཅིན་ཕིང་གིས། པྲོག་གསར་གློ་ཚད་རིམས་ནད་ཀྱི་སྤྲིན་སྨུག་ད་དུང་དྭངས་མེད་ལ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་བར་དཀའ་ལས་ཁག་པོ་ཡོད་པས། རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་མཉམ་བསྐྲུན་བྱས་ཏེ་སྒོ་འབྱེད་ཀྱི་དྲོད་ཁོལ་འཛམ་གླིང་ཡོངས་ལ་ཁྱབ་པར་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།