ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་གློག་དྲ་རུ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་རྒྱལ་ཁབ་གློག་དྲར་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནུས་རྒྱུ་མཁོ་འདོན་ཡག་པོ་བྱེད་དགོས་པར་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་པའི་ཐད་སླར་ཡང་ཞིབ་འཇུག་དང་བཀོད་སྒྲིག་གནང་། 

འདི་ནི་ཧན་ཀྲིན་རྒྱལ་ཁབ་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་གློག་ཤུགས་མཁོ་འདོན་འགན་ལེན་དང་གློག་དྲ་བཀོད་གཏོང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བའི་ཚུལ་རེད།   

ཧན་ཀྲིན་གྱིས་བསྟན་དོན། ཉེ་བའི་དུས་ཡུན་ཙམ་གྱི་རིང་ལ། འབྲེལ་ཡོད་ཕྱོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ནུས་རྒྱུ་མཁོ་འདོན་འགན་ལེན་བྱ་བར་ཤུགས་སྣོན་བརྒྱབ་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཤིན་ཏུ་གྲང་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་སྔོན་ཇུས་ཡག་པོ་བཟོ་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སྔོན་འགོག་དང་སེལ་བ། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ་བཅས་བྱས་ནས། ནུས་རྒྱུའི་བདེ་འཇགས་ལ་ཁག་ཐེག་དང་མི་དམངས་མང་ཚོགས་དྲོད་ཁོལ་ངང་དགུན་སྐྱེལ་བར་ཁག་ཐེག་བྱེད་དགོས། 

ཧན་ཀྲིན་གྱི་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ། ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་ནུས་རྒྱུ་མཁོ་འདོན་ལ་འགན་ལེན་བྱ་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་ནན་འཛིན་ཏན་ཏིག་བྱེད་དགོས། ཐབས་ལམ་མང་པོ་སྤྱད་དེ་གློག་དང་རྡོ་སོལ་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། མུ་མཐུད་དུ་གློག་དང་རྡོ་སོལ་མཁོ་སྤྲོད་ལ་འགན་ལེན་དང་རིན་གོང་བརྟན་བརླིང་ཡོང་བར་ནན་འཛིན་བྱས་ནས། རྡོ་སོལ་གཙང་མ་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྡོ་སོལ་དང་གློག་འདོན་ཁེ་ལས་ཀྱི་གློག་འདོན་ནུས་པ་གང་མགྱོགས་ངང་རྒྱུན་ལྡན་གྱི་ཆུ་ཚད་དུ་སླར་གསོ་བྱས་ཏེ། འཆར་ལྡན་མ་ཡིན་པའི་གློག་འདོན་འཕྲུལ་འཁོར་སྤྱོད་མཚམས་བཞག་པ་དག་རྒྱུན་ལྡན་ཅན་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། བཀོལ་སྤྱོད་བྱེད་ཐུབ་པ་དག་བཀོལ་གང་ཐུབ་བྱེད་དགོས།  སྲིད་གཞུང་གིས་རྡོ་སོལ་གྱི་རིན་གོང་སྙོམ་སྒྲིག་ཚོད་འཛིན་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས། རྡོ་སོལ་དང་གློག་མཉམ་འགུལ་གྱི་ཚོང་ར་ཅན་དུ་འགྱུར་བའི་རིན་གོང་གི་ནང་རྐྱེན་མགྱོགས་མྱུར་གྱིས་ཞིབ་འཇུག་བྱེད་དགོས། རྡོ་སོལ་འཚམ་སར་རྡོ་སོལ་དང་། གློག་འཚམ་སར་གློག སྣུམ་རླངས་འཚམ་སར་སོལ་རླངས། གཅིག་སྡུད་འོས་སར་གཅིག་སྡུད་དང་ཁ་ཐོར་འོས་སར་ཁ་ཐོར་བྱ་རྒྱ་མཐའ་འཁྱོངས་བྱས་ནས། “རྡོ་སོལ་གློག་བསྒྱུར་”དང་“རྡོ་སོལ་རླངས་བསྒྱུར”བྱ་རྒྱུ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བྱེད་དགོས། དངུལ་རྩའི་ལས་ཁུངས་ཀྱིས་སོལ་གློག་དང་དྲོད་འདོན་ཁེ་ལས་ཀྱི་མ་དངུལ་མཉམ་འདུ་ལུགས་མཐུན་བྱེད་པའི་དགོས་མཁོར་འགན་སྲུང་དང་། ནོར་ཁྲལ་སོགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་བྱས་ཏེ། ཁེ་ལས་ལ་དུས་རིམ་རང་བཞིན་གྱི་དཀའ་ངལ་སེལ་བར་རོགས་རམ་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས། རྡོ་སོལ་དང་གློག་འདོན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། གློག་དྲའི་བདེ་འཇགས་འཁོར་སྐྱོད། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་མཁོ་སྤྲོད་འགན་ལེན་བཅས་ལ་སྤྱི་འདོམས་ངང་ནན་འཛིན་ཡག་པོ་བྱེད་དགོས། ནུས་རྒྱུ་ཕྱིར་གཏོང་ནང་འདྲེན་དང་གྲབས་གསོག་དོ་དམ་འཐུས་ཚང་དུ་བཏང་ཞིང་། རྒྱལ་སྤྱིའི་ནུས་རྒྱུའི་རིན་གོང་འགྱུར་ལྡོག་ལ་ཚད་མཐོའི་དོ་ཁུར་བྱས་ཏེ། ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་དང་སྲ་བརྟན་དུ་བཏང་ནས། རྒྱལ་ནང་གི་ནུས་རྒྱུའི་ཁྲོམ་ར་བརྟན་བརླིང་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས། སོལ་གློག་སྣུམ་རླངས་སྐྱེལ་འདྲེན་གྱི་འགན་ལེན་ལམ་སྲོལ་གྱིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། མཐུན་སྦྱོར་གྱི་དབང་གྲགས་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་ཁ་གཏད་ནུས་ལྡན་གཅོག་དགོས། 

བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཧན་ཀྲིན་རྒྱལ་ཁབ་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས། གློག་ཤུགས་མཁོ་འདོན་འགན་ལེན་དང་གློག་དྲ་བཀོད་གཏོང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། རྒྱལ་ཁབ་གློག་དྲའི་གཉེར་སྐྱོང་ལྟ་ཞིབ་ཚད་ལེན་ཚོམས་ཆེན་དུ་ཕེབས་ནས། ཀུང་སིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། 

ཝང་ཡུང་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།