ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་སི་ཏི་ལོ་ཡིས་ཀྲུང་ཕེའི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་སི་ཏི་ལོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཕེ་རྒྱལ་ཁབ་གཉིས་བར་ས་ཐག་རིང་པོ་ཆོད་ཀྱང་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་ཞིང་། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་འཁོར50སོང་རིང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཉིན་རེ་བཞིན་ཆེ་རུ་ཕྱིན་ལ། སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་སོང་བའི་དཔེ་མཚོན་དུ་གྱུར་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་དང་ཕེ་རུའི་བདེ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ། ཧུར་ཐག་སྒོས་རིམས་ནད་སྔོན་འགོག་དང་རིམས་འགོག་སྨན་ཁབ་མཉམ་ལས་བྱས་ནས། བྱ་སྤྱོད་དངོས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མངོན་པར་མཚོན་ཡོད། ངས་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ནས། ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ལས་རིགས་སོ་སོས་ཀྲུང་གོ་དང་ཕེ་རུའི་སྲོལ་རྒྱུན་མཛའ་མཐུན་ཐུན་མོང་ཐོག་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཀྲུང་གོ་དང་ཕེ་རུའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།  

ཁ་སི་ཏི་ལོ་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཕེ་རུ་དང་ཀྲུང་གོ་ནི་ལོ་ངོ་སྟོང་གི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲོལ་རྒྱུན་མཛའ་མཐུན་རྨང་གཞིའི་ཐོག་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཡོད། ཕེ་རུ་ཡིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོས་དངོས་ཟོག་དང་རིམས་འགོག་སྨན་ཁབ་འབོར་ཆེན་མཁོ་འདོན་བྱས་ནས། ཕེ་རུ་ཡི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་དོན་དང་མ་འཇོག ཡུལ་སྐོར། གྲངས་གཞི་ཅན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། པྲོག་གསར་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པ་བཅས་བྱས་ཏེ། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།