ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་མགོ་ཁྲིད་པའི་དབུ་ཚོགས་ལ་ཡིག་ཐོག་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་མགོ་ཁྲིད་པའི་དབུ་ཚོགས་ལ་ཡིག་ཐོག་ནས་ཤིས་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་མགོ་ཁྲིད་པའི་དབུ་ཚོགས་ལ་ཡིག་ཐོག་ནས་ཤིས་ཚིག་ཕུལ། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་ཉིན་བཞིན་མངོན་གསལ་དུ་ཕྱིན་ཞིང་། གོ་ལ་ཧྲིལ་པོའི་བྱ་སྤྱོད་ཀྱི་ཁ་ཚ་དགོས་གཏུགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཇི་ལྟར་འཇལ་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ནི། ང་ཚོའི་མདུན་དུ་ལྷགས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད།

ཞི་ཅིན་ཕིང་གིས་གྲོས་མགོ་ཁག་གསུམ་བཏོན་ཡོད་དེ།  

དང་པོ། ཕྱོགས་མང་གི་ཐུན་མོང་ངོས་འཛིན་ལ་སྲུང་སྐྱོང་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་བྱེད་པར་ཕྱོགས་མང་རིང་ལུགས་ནི་ཐབས་མཆོག་ཅིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང་དེའི《ཕ་རི་སིའི་གྲོས་ཆོད》ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་མཉམ་ལས་བྱེད་པའི་གཞི་རྩའི་བཅའ་ཁྲིམས་དང་གཞི་འཛིན་ས་ཡིན། ཕྱོགས་སོ་སོས་ཐུན་མོང་ངོས་འཛིན་ཀྱི་རྨང་གཞིའི་ཐོག ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀེ་ལ་སིའི་ཚོགས་ཆེན་ལེགས་འགྲུབ་འབྱུང་བར་འགན་ལེན་བྱེད་དགོས། 

གཉིས་པ། དངོས་གཉེར་བྱ་སྤྱོད་ལ་དམིགས་དགོས། བྱ་སྤྱོད་དངོས་སྤེལ་ན་ཕུམས་འདུན་གཞི་ནས་དོན་དངོས་སུ་འགྱུར་ཐུབ། ཕྱོགས་སོ་སོས་ཁ་དན་ཚིག་ལ་གནས་པར་བྱས་ཏེ། ལག་ལེན་དོན་འཁྱོལ་ཐུབ་པའི་དམིགས་ཚད་དང་འཆར་གཞི་བཟོ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་གནས་ཚུལ་དང་བསྟུན་ནས་རང་ནུས་ཡོད་རྒུས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་རང་ཉིད་ཀྱིས་སྔར་ལས་མང་པོ་བསྒྲུབ་དགོས་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་སྔར་ལས་ལེགས་པ་བྱེད་དགོས། 

གསུམ་པ། ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། ནུས་རྒྱུའི་ཐོན་ཁུངས་དང་ཐོན་ལས་གྲུབ་ཆ། འཛད་སྤྱོད་གྲུབ་ཆ་བཅས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་དང་སྲུང་སྐྱོབ་གཉིས་ཕན་ཚུན་མཐུན་སྦྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཛིན་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གང་མགྱོགས་ངང་བསྐྲུན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཟད་གྲོན་ཆེ་བ་དང་ཕྱིར་འབུད་མང་བའི་རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་འགྲོ་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རླུང་གློག་གི་འོད་ཤུགས་རྟེན་གཞི་ཆེ་གྲས་འཆར་འགོད་དང་འཛུགས་སྐྲུན་བཅས་བྱས་ཡོད། ཉེ་ཆར། ཀྲུང་གོས《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ་ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》དང《2030ལོའི་སྔོན་ལ་ཐཱན་རྩེར་སོན་གྱི་བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་པ་དང། ད་དུང་ནུས་རྒྱུ་དང་བཟོ་ལས། ཨར་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་དང་རྡོ་སོལ་དང་གློག་ཤུགས། ངར་ལྕགས། ཨར་འདམ་སོགས་གཙོ་གནད་ལས་རིགས་ཀྱི་ལག་བསྟར་ཇུས་གཞི་ཡང་སྔ་རྗེས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། ཚན་རྩལ་དང་ཐཱན་རྒྱུ། ནོར་ཁྲལ། དངུལ་རྩ་སོགས་འགན་ལེན་བྱ་ཐབས་བཟོས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག“1+N”སྲིད་ཇུད་མ་ལག་གྲུབ་ཅིང་། དུས་འཁོར་རེའུ་མིག་དང་ལམ་ཐིག་རི་མོ། བཟོ་བསྐྲུན་ཇུས་འགོད་སོགས་གསལ་བོ་བཟོ་དགོས། 

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གནའ་མིས“དོན་དངོས་ཀྱིས་སྐྱོང་དགོས”ཞེས་བརྗོད་ཡོད། ཀྲུང་གོས་ཕྱོགས་སོ་སོས་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས། མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་སའི་གོ་ལར་སྲུང་སྐྱོང་བྱ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།

འཛམ་གླིང་གི་མགོ་ཁྲིད་པའི་དབུ་ཚོགས་དེ་ཟླ11པའི་ཚེས1ནས་ཚེས2ཉིན་བར་ཀེ་ལ་སིའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་འཚོག་པའི་བར་སྐབས་སུ་འཚོག་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།