ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས21པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕུགས་སེམས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པར་བྱ་དགོས》ཞེས་པ་སྤེལ།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། གསར་བརྗེའི་ཕུགས་བསམ་ཀུན་ལས་མཐོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་རིང་ལ། ནམ་ཡང་བླ་ན་མེད་པའི་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡོད་པའི་ཏང་ཞིག་ཡིན། ཕུགས་བསམ་དང་ཡིད་ཆེས་འདི་ནི་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བཅས་ཡིན། ཕུགས་བསམ་དང་ཡིད་ཆེས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཞིག་ཀྱང་ཡིན། ཕུགས་བསམ་དང་ཡིད་ཆེས་ནི་གུང་ཁྲན་ཏང་མིའི་བསམ་པའི“འཚོ་བཅུད”ཡིན་ཞིང་། ཕུགས་བསམ་དང་ཡིད་ཆེས་མེད་པ་དང་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་མེད་ན། བསམ་པའི“འཚོ་བཅུད་མི་འདང་བ”དང“རུས་སྙིའི་ནད”ཕོག་སྲིད་ཅེས་བསྟན།
གསུང་རྩོམ་ནང་བསྟན་དོན། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱ་རྒྱུ་ནི་ནམ་ཡང་གུང་ཁྲན་ཏང་མིའི་ལུས་སེམས་བརྟེན་སའི་རྩ་བ་རེད། ཕུགས་བསམ་དང་ཡིད་ཆེས་ཀྱི་སྲ་བརྟན་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ལས་བྱུང་བ་ཞིག་རེད། བདེན་དོན་ངོས་འཛིན་དང་བདེན་དོན་ཁོང་དུ་ཆུད་པ། བདེན་དོན་ལ་དད་མོས་བྱེད་པ། བདེན་དོན་སྲུང་སྐྱོབ་བྱེད་པ་བཅས་ནི་ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་བསམ་པའི་སྔོན་འགྲོའི་ཆ་རྐྱེན་རེད། ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡོང་བའི་རྒྱུ་མཚན་ནི་ང་ཚོས་དོན་གཉེར་བྱེད་པ་བདེན་དོན་ཡིན་པ་དང་། ང་ཚོས་བརྩི་སྲུང་བྱེད་པ་ནི་ཆོས་ཉིད་ཡིན་པ། ང་ཚོས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་ཀྱི་རྐྱེན་གྱིས་རེད། ང་ཚོའི་ཏང་གི་མིང་ལ“གུང་ཁྲན་ཏང”ཞེས་བཏགས་པ་དེ་ནི། གུང་ཁྲན་རིང་ལུགས་ཞེས་པའི་ཕུགས་བསམ་ཆེན་པོ་དེ་ཁས་བླངས་པ་རེད། ཕུགས་བསམ་ཆེན་པོ་འདི་མངོན་འགྱུར་བྱེད་ཆེད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།
རྩོམ་ཡིག་ནང་བསྟན་དོན། གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་མིན་ལ་ཚད་འཇལ་བྱེད་པ་ནི་ཕྱི་རོལ་ཡུལ་གྱི་ཚད་གཞི་ཞིག་ཡིན་པས། ཁོང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་ཐུབ་མིན་དང་། དཀའ་སྡུག་སྔོན་ལ་མྱོང་བ་དང་ལོངས་སྤྱོད་རྗེས་སུ་བྱེད་ཐུབ་མིན། དཀའ་སྤྱད་ལས་སྒྲུབ་དང་སྤྱོད་གཙང་གཞུང་དྲང་བྱེད་ཐུབ་མིན། ཕུགས་བསམ་གྱི་ཆེད་དུ་རང་སྲོག་ལ་མི་འཛེམ་པར་འབད་པ་བྱེད་པ་དང་། འབད་འཐབ་བྱེད་པ། རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་དང་ཐ་ན་ཚེ་སྲོག་སྐྱེས་སུ་འབུལ་ཐུབ་མིན་བཅས་ལ་བལྟ་དགོས། རབ་རིབ་དང་ཐེ་ཚོམ་གྱི་ལྟ་བ་མཐའ་དག་དང་། སྐབས་བསྟུན་སྤྲོ་སྐྱིད་ལ་རོལ་བའི་བསམ་བློ་མཐའ་དག སྒེར་ཕན་ལ་རྔམ་པའི་བྱ་སྤྱོད་མཐའ་དག བྱས་རྗེས་གང་ཡང་མེད་པའི་སྤྱོད་ཚུལ་མཐའ་དག་བཅས་ནི་དེ་དང་གཏན་ནས་མི་མཐུན་ཞེས་བསྟན།
རྩོམ་ཡིག་ནང་བསྟན་དོན། ཞི་བའི་འཛུགས་སྐྲུན་གྱི་དུས་སྐབས་སུ་ལས་བྱེད་པ་ཞིག་གི་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡོད་མེད་ལ་ཞིབ་བཤེར་བྱས་ན། གཙོ་བོ་ལས་བྱེད་པར་ཆབ་སྲིད་ཀྱི་ཚོད་བགམ་གལ་ཆེན་གྱི་མདུན་དུ་ཆབ་སྲིད་ཀྱི་བརྟན་ཚུགས་ཡོད་མེད་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་ཐུབ་མིན། ལས་ཀར་འགན་འཁུར་ཐུབ་མིན། དཀའ་སྡུག་སྔོན་ལ་མྱོང་བ་དང་ལོངས་སྤྱོད་རྗེས་སུ་བྱེད་ཐུབ་མིན། ཛ་དྲག་ཆེ་བའི་ལས་འགན་ལྕི་མོའི་མདུན་དུ་འགན་འཁྲི་ལྕི་མོ་འཁུར་ཐུབ་མིན། དབང་ཆ་དང་རྒྱུ་ནོར། མཛེས་ཉམས་བཅས་ཀྱི་བསླུ་བྲིད་ཉམས་སད་ཐུབ་མིན་བཅས་ལ་བལྟ་དགོས་ཞེས་བསྟན།
རྩོམ་ཡིག་ནང་བསྟན་དོན། ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཆགས་རྒྱུ་ནི་བྱེད་ཐེངས་གཅིག་ལ་གྲུབ་པ་ཞིག་མིན་ལ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་མ་ཡིན་པར་འཐབ་རྩོད་ཀྱི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཞུན་བརྡར་དང་ཚོད་བགམ་ཐེག་ཐུབ་པ་ཞིག་རེད། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་རྒྱུ་ནི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས་རྒྱུན་དུ་སྦྱོང་བརྡར་བྱེད་པ་དང་མི་ཚེ་གང་བོར་ཡིད་ཆེས་བྱེད་པ་དང་བརྟན་སྲུང་བྱེད་དགོས་ཞེས་བསྟན་ཡོད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕུགས་སེམས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པར་བྱ་དགོས》ཞེས་པ་སྤེལ་བ།