ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་ཡིས་ཝང་དབྱི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་ཀྱི་དུས་ཚོད་ཟླ10པའི་ཚེས31ཉིན། དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་ཡིས་རོ་མར་དབྱི་ཐ་ལིར་འཚམས་འདྲིར་ཕེབས་པའི་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ལ་མཇལ་འཕྲད་གནང་། 

ཝང་དབྱི་ཡིས་ཐོག་མར་ཀྲུང་གོའི་མགོ་ཁྲིད་པས་ཏེ་ལ་ཅིར་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱས་ཤིང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་རོ་མའི་དབུ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས། ཝང་དབྱི་ཡིས་བསྟན་དོན། ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། རྒྱལ་ཁབ་གཉིས་པོས“ཕན་ཚུན”གསུམ་སྒྲུབ་ཐུབ་དགོས་ཏེ། གཅིག་ནི་ཕན་ཚུན་བརྩི་འཇོག་བྱེད་དགོས། ཀྲུང་དབྱི་གཉིས་ནི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་ཡིན་པས། ཁོངས་ཡངས་ཀྱི་བསམ་པས་ཕ་རོལ་བའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། ཞི་དུལ་སྒོས་ཕན་ཚུན་བར་གྱི་མི་འདྲ་བ་དང་ལེན་བྱེད་དགོས། གཉིས་ནི་ཕན་ཚུན་སྒོ་འབྱེད་བྱེད་དགོས། ཀྲུང་གོས་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཅིང་། དབྱི་ཐ་ལི་ཡིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་པའི་རེ་བ་ཡོད། དབྱི་ཐ་ལི་ཡི་སྔོན་ཐོན་ལག་རྩལ་དང་ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཚོང་ར་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་སྒུལ་ཤུགས་ཡུན་རིང་བོར་མཁོ་འདོན་བྱེད་དགོས། གསུམ་ནི་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་པེ་ཅིང་དང་སྨི་ལན་གཉིས་ཀྱིས་རྗེས་མཐུད་ངང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོར་ཕན་ཚུན་རོགས་འདེགས་བྱེད་དགོས། དབྱི་ཐ་ལི་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་མཐའ་འཁྱོངས་བྱེད་རྒྱུའི་རེ་བ་ཡོད།

ཏེ་ལ་ཅི་ཡིས་ཝང་དབྱི་ལ་ཀྲུང་གོའི་མགོ་ཁྲིད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་བྱས། ཏེ་ལ་ཅིས་དབྱི་ཀྲུང་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སྒོ་འབྱེད། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་དགོས་པར་མོས་མཐུན་གནང་བ་དང་། དབྱི་ཐ་ལིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་དང། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དབྱི་ཐ་ལི་ཡིས་ཀྲུང་གོའི་ཁེ་ལས་ལ་མཐོང་ཆུང་བྱེད་པའི་སྲིད་ཇུས་སྤྱོད་མི་སྲིད་ཅིང་། དབྱི་ཐ་ལི་ཡིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གྲོས་གཞིར་དམིགས་ནས། ཀྲུང་གོ་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་འདོད་ཡོད་ཅེས་བསྟན། 

ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཐད་དགོངས་འཆར་བརྗེ་རེས་གནང་། ཝང་དབྱི་ཡིས་ཀྲུང་གོ་དང་ཡོ་རོབ་ནི་རོགས་ཟླ་ཡིན་པ་ལས་ཁ་གཏད་མིན། མཉམ་ལས་བྱེད་མཁན་ཡིན་པ་ལས་འགྲན་རྩོད་པ་མིན། ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་དང་ཕྱོགས་སོ་སོའི་འགལ་རྐྱེན་སེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། གླེང་མོལ་དང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད། དབྱི་ཐ་ལི་ཡིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ཡིད་ཆེས་ཡོད་ཅེས་ནན་གྱིས་བསྟན་དོན།  ཏེ་ལ་ཅིས་དབྱི་ཐ་ལི་ཡིས་ཡོ་རོབ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་དང་མཉམ་དུ་དུས་མཚམས་རྗེས་མའི་ཕྱོགས་གཉིས་ཀྱི་གྲོས་རིམ་གལ་ཆེན་འཆར་འགོད་དང་གྲ་སྒྲིག་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན། 

ཕྱོགས་གཉིས་ཀྱིས་ད་དུང་ཨ་ཧྥུ་ཧན་གྱི་གནད་དོན་སོགས་ལ་ལྟ་སྟངས་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།