ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ10པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་ཞུགས།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་ཞུགས་ནས། གནམ་གཤིས་འགྱུར་ལྡོག་དང་ནུས་རྒྱུ། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་ཀྱི་ལྟ་སྟངས་རྒྱས་བཤད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། གནམ་གཤིས་འགྱུར་ལྡོག་དང་ནུས་རྒྱུའི་གནད་དོན་ནི་མིག་སྔར་འབུར་དུ་ཐོན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་འབྲེལ་བ་ཡོད་ལ། སའི་གོ་ལའི་འབྱུང་འགྱུར་ལའང་འབྲེལ་བ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པའི་འདུན་པ་དང་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། འགག་རྩ་ནི་བྱ་སྤྱོད་དངོས་སྤེལ་རྒྱུ་དེ་རེད། དང་པོ། ཁྱོན་ཡོངས་ནས་དོ་མཉམ་ཡིན་པའི་སྲིད་ཇུས་བྱེད་ཐབས་སྤྱོད་དགོས། ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་དམངས་འཚོ་འགན་ལེན་ལ་གཅིག་འདོམས་བྱས་ཏེ། དཔལ་འབྱོར་དངོས་ཚན་གཙོ་བོས་དེའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།  གཉིས་པ། ཁྱོན་ཡོངས་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ནུས་ལྡན་བྱེད་དགོས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། ཐུན་མོང་ཡིན་ཡང་དབྱེ་བ་ཡོད་པའི་འགན་འཁྲི་རྩ་དོན་གྱིས་རྨང་རྡོར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱེད་པ། བྱ་སྤྱོད་ནུས་ལྡན་གྱིས་ཕྱོགས་སྟོན་བྱེད་པ་བཅས་བྱས་ཏེ། རང་ངོས་ཀྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།  གསུམ་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཁོངས་མིས་སྔོན་ཐོན་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་གཏོང་བར་སྔོན་འགྲོའི་སྐུལ་འདེད་བྱས་ཤིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཀྱང་ཁས་ལེན་ལག་བསྟར་ཏན་ཏིག་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ15ཡི་ནང་། ཀྲུང་གོའི་ཐཱན་འབུད་ཚད་དེ2020ལོའི་གནམ་གཤིས་འགུལ་སྤྱོད་དམིགས་ཚད་ལས་ཆེས་ཆེར་བརྒལ་ཏེ་ལེགས་འགྲུབ་བྱུང་ཡོད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་ཐཱན་རྩེར་སྙེག་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་བྱེད་ཐབས་གཅིག་རྗེས་གཉིས་མཐུད་ངང་ཡོངས་བསྒྲགས་བྱས་ནས། ཐཱན་རྩེར་སྙེག་དང་ཐན་སྙོམ་སྒྲིག་གི“1+N”སྲིད་ཇུས་མ་ལག་འཛུགས་རྒྱུ་ཡིན། ནུས་ཁུངས་དང་ཐོན་ལས་ཀྱི་གྲུབ་ཚུལ་ཚུལ་སྒྱུར་རིམ་སྤར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་དང་ལས་རིགས། ཁེ་ལས་བཅས་ཀྱིས་སྔོན་ལ་རྩེར་སྙེག་ལེགས་འགྲུབ་བྱེད་པར་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ནུས་ཁུངས་རིགས་བསྒྱུར་ལ་སྐུལ་འདེད་གཏོང་བར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་མཆེད་པས་ཉམས་ཉེན་མང་པོ་བྱུང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་མང་པོར་བསག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསླད་སྐྱོན་ཚབས་ཆེན་ཐེབས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་བྱུང་མྱོང་མེད་པའི་རྡབ་རྡེག་དང་ཚོད་བགམ་ཕོག་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་སོ་སོའི་ལས་དབང་གཅིག་ཏུ་འབྲེལ་བ་དང་ཁེ་ཕན་མཉམ་དུ་འདྲེས་པའི་མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་སླར་ཡང་གསལ་བོར་བསྟན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ན། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ལ། མིའི་རིགས་དང་སའི་གོ་ལའི་མདུན་ལམ་དང་ལས་དབང་ལའང་འབྲེལ་བ་ཡོད། 

ཟླ10པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་ཞུགས། 

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ཏེ། སྔར་བས་ངར་ཤུགས་ལྡན་ལ། ལྗང་མདོག སྐྱོན་བྲལ་བཅས་ཡིན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབོད་སྐུལ་བཏང་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་དེའི་ཐད་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས།   

དང་པོ། འཕེལ་རྒྱས་སྔོན་འགྲོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་ལག་བསྟར་བྱེད་དགོས། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། མིའི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། འཕེལ་རྒྱས་ཀྱི་མཉམ་ལས་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་རིམ་གྱི་འབུར་ཐོན་གནས་བབ་ཐོག་བཞག་ནས། དབུལ་པོ་དང་འཕེལ་རྒྱས་དོ་མི་སྙོམས་པ་སོགས་ཀྱི་གནད་དོན་ཧུར་ཐག་སྒོས་ཐག་གཅོད་བྱེད་དགོས།

གཉིས་པ། བྱ་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་གཏོང་ཆ་ཆེ་རུ་བཏང་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོར་མཐོང་ཆེན་བྱས་ཏེ། དབུལ་འཕྲི་དང་འབྲུ་རིགས་བདེ་འཇགས། བཟོ་ལས་ཅན། ཕན་ཚུན་འབྲེལ་མཐུད་སོགས་གཙོ་གནད་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོས་ད་ལོའི་ཟླ9པར་རྒྱལ་སྤྱིའི་འབྲུ་རིགས་ཀྱི་གྱོང་གུན་ཆུང་གཏོང་ཚོགས་ཆེན་བདེ་ལེགས་ངང་འཚོགས་ཞིང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལས་སྟེགས་བརྒྱུད་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་སྔར་བས་མང་བ་འབུལ་འདོད་ཡོད། 

གསུམ་པ། གཉིས་ཕན་མཉམ་རྒྱལ་མཐའ་འཁྱོངས་བྱས་ཏེ། རོགས་ཟླའི་འབྲེལ་བ་འཛུགས་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་འདོམས་མཐུན་སྦྱོར་ནུས་པར་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་རོགས་སྐྱོར་གྱི་ཁས་ལེན་ལག་བསྟར་ཏན་ཏིག་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་སྔར་བས་མང་བ་མཁོ་འདོན་བྱེད་དགོས། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་འབྲེལ་མཐུད་གཏིང་ཟབ་བྱས་ཤིང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ཡོད། 

ཟླ10པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་ཞུགས།   

དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་རོ་མའི་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་། 

ཏིང་ཞེ་ཞང་དང་ལིའུ་ཧི། དབྱང་ཅེ་ཁྲེ་སོགས་དབུ་ཚོགས་ལ་ཞུགས། 

ཝང་དབྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་བྱས་ནས་དབྱི་ཐ་ལི་རུ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།