ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བསྐྱར་འཕར་འབྱུང་བཞིན་པས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་དཀའ་ངལ་ཆེན་པོ་ལྡན་པར་མ་ཟད། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་ཡིན་པའི་ཆ་ནས། འབྲེལ་གཏུག་བཟང་པོ་རྒྱུན་འཁྱོངས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་མགྱོགས་མྱུར་ངང་ནད་ཡམས་ལས་རྣམ་པར་རྒྱལ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བཅས་ཡོང་བར་བྱས་རྗེས་འབུལ་དགོས།  སང་ལོ་ནི་ཀྲུང་དབྱིན་བར་གཞུང་ཚབ་ཆེན་མོ་རིམ་པའི་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་འཇལ་བ། མཉམ་དུ་འབད་བརྩོན་བཅས་བྱས་ནས། ཀྲུང་དབྱིན་གྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱིན་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བར་ཕན་ཚུན་ཡིད་ཆེས་ནི་རྨང་གཞི་ཡིན་པ་དང་ཕན་ཚུན་རྒྱུས་ལོན་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་རྒྱུ་ནི་འགག་རྩ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བོ་བཟུང་ནས་ཀྲུང་དབྱིན་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་གྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་དོན་དངོས་ལ་བརྩི་འཇོག་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་ལམ་ལུགས་ལ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད། ཀྲུང་དབྱིན་གྱི་ཚོང་ལས་དངུལ་གཏོང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཅི་ཡོད་སེལ་ནས་འཕེལ་རྒྱས་བྱུང་བ་དེས། ཀྲུང་དབྱིན་གྱི་མཉམ་ལས་དེ་གཉིས་ཕན་གཉིས་རྒྱལ་བྱུང་བ་སླར་ཡང་ར་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོར་ཐོན་རྫས་སྤུས་དག་སྔར་ལས་མང་པོ་ཕྱིར་གཏོང་བྱས་ནས། སྨན་བཅོས་འཕྲོད་བསྟེན་དང་ལྷད་མེད་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར།དངུལ་རྩ། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་གངུལ་གཏོང་ཁེ་ལས་ལ་དྲང་གཞག་དང་དྲང་བདེན་གྱི་ལྟ་སྟངས་འཛིན་རྒྱུ་ལས་མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཐོབ་ཐང་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོར་ཡོད་པའི་དབྱིན་ཇིའི་ཁེ་ལས་ཀྱི་མཉམ་ལས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་ཀས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བརྩིས་ནས་ལུས་རྩལ་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་དགོས། དབྱིན་ཇི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞིར་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཆེད་སྒུལ་ཤུགས་སྣོན་རྒྱུར་དགའ་བསུ་ཞུ་བ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་འབུལ་ཤུགས་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་བསམ་སྦྱོར་སྟེང་ནས། རྒྱ་ཆེ་ཞིང་གཏིང་ཟབ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ཅིས་ཀྱང་གོམ་པ་རིམ་བགྲོད་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་གནས་ལུགས་སྟོན་གྱིན་ཡོད། ཀྲུང་གོའི་ལྷད་མེད་དང་ཐཱན་ཉུང་འཕེལ་རྒྱས་འབྱུང་ཚད་ཇེ་མགྱོགས་སུ་གཏོང་བའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་ཅིང་། བཤད་ཟིན་པའི་སྐད་ཆ་ཅིས་ཀྱང་ལག་བསྟར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཐུན་མོང་དང་ཐུན་མིན་གྱི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་བློ་ཁ་མཐོན་པོའི་བསམ་བློ་དེ་ཏན་ཏན་ཏིག་ཏིག་གི་བསམ་སྦྱོར་ནུས་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

ཡུའེ་ཧན་ཞུན་གྱིས་བསྟན་དོན། ངས་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇི་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་ཀྱི་དགོངས་ཚུལ་ལ་ང་མོས་མཐུན་ཡོད། དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ། དབྱི་ལིང་གི་ཉིང་རྡུལ། འཇིགས་སྐུལ་ལ་ངོ་རྒོལ་སོགས་གནད་དོན་གལ་ཆེན་མང་པོའི་ཐད་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ལྡན་པས། ཕྱོགས་གཉིས་ཀས་ལྷག་བསམ་ཟོལ་མེད་ངང་གྲོས་མོལ་བྱེད་པ་དང་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་དགོས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་ལས་དང་སློབ་གསོ། ལྷད་མེད་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཏུ་བཏང་ནས། ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇི་ནས་གངུལ་གཏོང་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་སྒོ་འབྱེད་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་འདོད་ཡོད།  དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། དབྱིན་ཇི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུན་མིན་དུ་བསྡུས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གནད་དོན་ལ་ཁ་གཏད་འཇལ་བའི་ཐད་འབྲེལ་གཏུག་དམ་ཟབ་བྱས་ནས། གོ་ལ་ཧྲིལ་པོ་དོ་སྙོམས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཆེན་པོ་གཏོང་རྒྱུའི་རེ་བ་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།