ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་དྲུག་པར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128006115_16354182981911n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས27ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་དྲུག་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་དེ་མིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་། རྒྱ་གར་གྱི་ཙུང་ལི་མའོ་ཏེ། ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་མཱོ་ལིས་སིན། ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན་སོགས་གྲོས་ཚོགས་ལ་ཞུགས།

ལི་ཁེ་ཆང་གིས་བསྟན་དོན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ལ་ཁྱབ་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་དང་ཤུགས་རྐྱེན་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་ལ་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་པ་དང་། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་གཙོ་བོ་ཡིན་པའི་ཆ་ནས་ཨེ་ཤ་ཡ་ཤར་མས་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་འཛམ་གླིང་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས་ཟེར།

ལི་ཁེ་ཆང་གིས་བསྟན་དོན། ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན་པ་དང་། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱི་མཛུབ་སྟོན་རྩ་དོན་གལ་ཆེན་ཡིན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱིས་ཁུལ་ཁོངས་མཉམ་ལས་ཀྱི་ཁ་ཕྱོགས་ཡང་དག་གསལ་པོར་ཤེས་པར་བྱེད་པ་དང་། ཆབ་སྲིད་བདེ་འཇགས་མཉམ་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲོས་གཞི་བཞི་བཏོན། གཅིག ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་དགོས། གཉིས། དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་གནས་གོ་གནས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།

ལི་ཁེ་ཆང་གིས་བསྟན་དོན། རྒྱ་མཚོ་ལྷོ་མ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཕན་ནུས་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ས་ཁུལ་སྒྲིག་སྲོལ་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་ཏེ། ཁྱོན་ཡོངས་དང་ནུས་ལྡན་སྒོས་རྒྱ་མཚོ་ལྷོ་མའི་ཕྱོགས་སོ་སོའི་འགུལ་སྐྱོད་བསྒྲགས་གཏམ་དངོས་འབེབས་བྱེད་བཞིན་ཡོད་པ་དང་། ཧུར་ཐག་སྒོས་རྒྱ་མཚོ་ལྷོ་མའི་འགུལ་སྐྱོད་ཚད་གཞི་ལ་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་ཟེར།

ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་བཤད་དོན། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མདུན་དུ་ཕྱོགས་སོ་སོས་གྲངས་འཛིན་དཔལ་འབྱོར་དང་རང་མོས་ཉོ་ཚོང་། སྤྱི་ཐུན་འཕྲོད་བསྟེན། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་གནས་གོ་གནས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ས་གནས་མཉམ་ལས་སྒྲོམ་གཞི་ལ་བརྩི་འཇོག་བྱེད་དགོས་པ་དང་། ལག་རྡང་སྦྲེལ་ཏེ་ས་གནས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞའོ་ཅེ་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།