ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་སྒྲིག་ཆས་ལས་དོན་ཚོགས་འདུ་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་སྒྲིག་ཆས་ལས་དོན་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་ནས། ཁྱོན་ཡོངས་ནས་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དེ། ཧུར་ཐག་སྒོས་དམག་དཔུང་འཛུགས་སྐྱོང་གི་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས25ནས་ཚེས26ཉིན་བར། དམག་ཡོངས་ཀྱི་སྒྲིག་ཆས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཚོགས་ཞུགས་འཐུས་མི་དང་གོ་མཚོན་སྒྲིག་ཆས་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག རང་དམག་གི་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལ་མཆོང་སྐྱོད་ཅན་གྱི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་མཐོར་འདེགས་དང་། ལྷག་པར་དུ་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་ཆེད། དངོས་པོ་དང་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། རེ་བར་བློ་མཐུན་ཚོས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་གཏང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལས་འགན་དོན་འཁྱོལ་ལ་མགྱོགས་མྱུར་སྐུལ་འདེད་གཏང་བ། གོ་མཚོན་སྒྲིག་ཆས་དེང་རབས་ཅན་གྱི་དོ་དམ་མ་ལག་མགྱོགས་མྱུར་ངང་སྐྲུན་པ། གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་པ་བཅས་བྱས་ཏེ། དམག་དཔུང་འཛུགས་སྐྱོང་གི་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་པ། གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་དང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལ། རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོར་དམ་པོར་དམིགས་ཤིང་། ཚན་རྩལ་རང་ཚུགས་རང་སྟོབས་འབུར་དུ་བཏོན་ནས། དཔུང་སྡེའི་དམག་འཐབ་ནུས་པ་གྲུབ་པ་དང་། འཛམ་གླིང་གི་ཆུ་ཚད་རྩེ་གྲར་དམིགས་ནས་འགག་སྒྲོལ་དམག་འཐབ་ཡག་པོར་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་མགྱོགས་མྱུར་ངང་བསྒྱུར་ནས། མགོ་འཛུགས་ས་གསར་པའི་ཐོག་རང་དམག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། 

ཚོགས་འདུས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་འགན་བཀོད་སྒྲིག་བྱས་ཏེ། གོ་མཚོན་སྒྲིག་ཆས་དེང་རབས་ཅན་གྱི་དོ་དམ་མ་ལག་བསྐྲུན་པར་ཞིབ་འཇུག་དང་གྲོས་བསྡུར་བྱས།  

དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་ཡོངས་ཀྱི་སྡེ་ཁག་ཆེ་གྲས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག །ཀྲུང་གོ་ཚན་རིག་ཁང་། དམག་དོན་བཟོ་ལས་ཚོགས་པ་ཀུང་སི་ཁག་སོགས་ཀྱི་མགོ་ཁྲིད་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།