ཞི་ཅིན་ཕིང་དང་པི་ལི་ཧྲི་ཡི་རྒྱལ་པོ་ཧྥེ་ལི་ཕུའུ་གཉིས་ཀྱིས་ཀྲུང་པིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པི་ལི་ཧྲི་ཡི་རྒྱལ་པོ་ཧྥེ་ལི་ཕུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་པི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཡོད། 2014ལོར་ངས་རྒྱལ་པོ་ཧྥེ་ལི་ཕུའུ་དང་མཉམ་དུ་ཀྲུང་པི་བར་གྱི་འབྲེལ་བ་དེ་ཕྱོགས་མང་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་བྱས་ཏེ། མཛའ་བརྩེའི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད། ངས་ཀྲུང་པིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་པོ་ཧྥེ་ལི་ཕུའུ་དང་མཉམ་དུ་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། ཀྲུང་པིའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད། 

ཧྥེ་ལི་ཕུའུ་ཡིས་བསྟན་དོན། པི་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50སོང་རིང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཁྱབ་ཁོངས་མང་པོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་ལ། ས་གནས་འབྲེལ་འདྲིས་ཉིན་རེ་བཞིན་གཏིང་ཟབ་ཏུ་སོང་ཡོད། དེ་སྔ་ང་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་ལ། ཀྲུང་གོར་ཉིན་རེ་བཞིན་ཡར་རྒྱས་འགྲོ་བ་དང་། པི་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཐུབ། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས། པི་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དེ་མིག་སྔའི་རྨང་གཞི་བརྟན་པོའི་ཐོག་སྔར་བས་ཤུགས་ཆེ་རུ་འགྲོ་བའི་རེ་སྨོན་བཅངས་ཡོད། 

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་པོ་ལི་ཧྲི་རྒྱལ་ཕྲན་མཉམ་འབྲེལ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ཞིང་། ལི་ཁེ་ཆང་གིས་ཀྲུང་གོས་པི་ལི་ཧྲི་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། གཉིས་ཕན་མཉམ་ལས་གཏིང་ཟབ་དང་མཛའ་མཐུན་འགྲོ་འོང་རྒྱ་ཆེར་བཏང་ནས། ཀྲུང་པིའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་དང་། ཏེ་ཁེ་ལུའོ་ཡིས་པི་ལི་ཧྲི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཅེས་སྤྲས་བྱས་ནས། ཀྲུང་གོ་དང་གླེང་མོལ་ལ་ཤུགས་སྣོན་དང་། དཔལ་འབྱོར་ཚོང་དོན་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།