ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་མཇལ་འཕྲད་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས། 

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་འཁོར50ལོན་པ་རེད། ཀྲུང་གོས་དྲན་གསོའི་ཚོགས་འདུ་བསྡུས་པ་ནི། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུན་མོང་ཐོག་བསྐྱོད་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱ་ཆེད་ཡིན་ལ། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལག་གདང་སྦྲེལ་ནས་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་ཆེད་ཀྱང་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཞིག་སྟོབས་ཇི་འདྲ་ཆེ་རུང་། བཙན་དབང་སྤྱད་དེ་རྒྱལ་ཁབ་གཞན་ལ་ཐེ་གཏོགས་བྱེད་མི་ནུས་ལ། འཛམ་གླིང་ལ་དབང་བསྒྱུར་དེ་ལས་ཀྱང་བྱེད་མི་ནུས་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། ས་ཁུལ་གྱི་གླེང་མོད་གནད་དོན་གྱི་མདུན་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ལ་ངེས་པར་དུ་སྲུང་བརྩི་ཞུ་བ་དང་། དོ་བདག་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འདོད་འདུན་ལ་བརྩི་འཇོག་བྱས་ནས། ཆབ་སྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་གཞོལ་དགོས། འཛམ་གླིང་ཐོག་མ་ལག་གཅིག་དང་སྒྲིག་ལམ་གཅིག ལམ་སྲོལ་ཆ་ཚང་བ་གཅིག་ལས་མེད་པས། རྒྱལ་ཁབ་གང་ཡིན་རུང་སྒྲོམ་གཞི་དེའི་ནང་དུ་བྱ་བ་བྱེད་དགོས་པ་ལས། རང་སྣང་གང་འདོད་དུ་བྱེད་སྟངས་གཞན་སྤྱོད་མི་རུང་། རྒྱལ་ཁབ་ཆེན་པོས་ཕན་ཚུན་བརྩི་འཇོག་དང་ ཞི་བདེ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་བྱེད་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན། 

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་སོ་སོ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོར་གདོང་ཐུག་དང་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། མཐུན་སྒྲིལ་སྒོས་རིམས་འགོག་དང་དཔལ་འབྱོར་སླར་གསོ་གཉིས་ཀ་འཛིན་དགོས་ལ། གཉིས་ཀ་ནན་གྱིས་འཛིན་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་འདྲ་མཉམ་ལུགས་མཐུན་ངང་རིམས་འགོག་སྨན་ཁབ་བགོ་བཤའ་བརྒྱབ་སྟེ། རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དངོས་སུ་འགྱུར་བ་བྱེད་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་རམ་འདེགས་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་མཉམ་དང་མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་སོ་སོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུ་བ། རང་ངོས་ཀྱི་བཙོག་འབུད་ཉུང་གཏོང་གི་འགན་འཁྲི་ཡག་པོར་སྒྲུབ་པ་དང་ཆབས་ཅིག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མགྱོགས་མྱུར་ངང་དཔལ་འབྱོར་ཚུལ་སྒྱུར་བྱེད་པར་རོགས་རམ་བྱེད་རྒྱུ། ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་རང་བརྟེན་ངང་བྱ་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན། ང་ཚོས་ཁ་བཤད་དོན་འཁྱོལ་བྱ་རྒྱུ་ཡིན། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲིམ་འགྲུལ་ཚོགས་ཆེན་སྐབས་གཉིས་པ་ལེགས་འགྲུབ་ངང་འཚོགས་ནས། མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་གསར་པ་ཆགས་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱས་ནས་ལོ་འཁོར50སོང་རིང་། ཉམས་མྱོང་གལ་ཆེན་ཞིག་ཐོབ་པ་ནི་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་བསམ་བརྟན་སྲུང་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ཀྱི་ལམ་བུར་བསྐྱོད་དེ། ལྷག་བསམ་ཟོལ་མེད་ངང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་པ་དེ་རེད། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་མཐུན་སྒྲིལ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། 

ཀུའུ་ཐི་ལེ་སིས་བསྟན་དོན། ལོ་ངོ50ཡི་སྔོན་གྱི་དེ་རིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་། དེ་ནི་དྲང་བདེན་གྱི་ཉིན་ཞིག་ཡིན་པས། ངས་དེར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་བསྐྲུན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། འདྲ་མཉམ་དྲང་བདེན་སྔར་ལས་ལྷག་པ་མངོན་འགྱུར་འབྱུང་དགོས། ཕྱོགས་རྐྱང་རིང་ལུགས་གཏན་ནས་དང་ལེན་བྱེད་མི་འོས། ཀྲུང་གོས་དབུལ་ཕོངས་སེལ་བ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཡིན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་ནུས་པར་བསྟོད་བསྔགས་ཚད་མེད་བྱེད་ཀྱིན་ཡོད། འཛམ་གླིང་གིས་རྒྱལ་ཁབ་ཚང་མས་དང་ལེན་བྱེད་པའི་ཚད་གཞིར་བརྩི་སྲུང་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་མགོས་གོ་ལ་ཧྲིལ་པོ་འདྲ་མཉམ་དང་དོ་མཉམ་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་སུ་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་མཉམ་དུ་དེའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། 

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།