ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་ནང་དུ་རྒྱལ་པའི་ངང་གྲོལ། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས། རྩིས་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ད་ལོ་ནི་བསྟུད་མུར་ལོ་བཞིའི་རིང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས་པ་ཡིན་ལ། རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་པའི་གནས་ཚུལ་ལ་ཐོག་མར་ཉན་པ་དང་གྲོས་ཞིབ་བྱས་པ་ཞིག་ཀྱང་རེད། རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཡིན་པ་དང་། མི་དམངས་ཡོངས་དང་བུ་རབས་ཚ་རྒྱུད་ཐུན་མོང་ལ་དབང་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། རང་བྱུང་ཐོན་ཁུངས་བཅོས་སྒྱུར་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ཐེངས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་མོ་བྱ་རྒྱུ་དེ་གྲོས་རིམ་ཨང་དང་པོར་འཇོག་དགོས། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་དང་གོ་རིམ་ལྡན་པ། གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གང་ལེགས་བྱེད་དགོས།  ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་འདི་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་སྤེལ་གྱི་བགྲོད་ལམ་སྟེང་བསྐྱོད་པར། ང་ཚོས་ཅིས་ཀྱང་ཕྱི་རྒྱལ་གྱི་ཆབ་སྲིད་དཔལ་ཡོན་གྱི་ཕན་ལྡན་གྲུབ་འབྲས་དཔྱད་གཞིར་འཛིན་དགོས་ནའང་། ཀྲུང་གོའི་ཆབ་སྲིད་ལམ་ལུགས་ཀྱི་རྩ་བ་གཏན་ནས་འདོར་མི་རུང་བ་དང་། ནུབ་ཕྱོགས་ཀྱི་ཁྲིམས་གཙོའི་སྲིད་ལུགས་ཟེར་བ་དང་ཏང་མང་འགྲན་འདེམས་བྱེད་པ། དབང་གསུམ་ཁ་གཏད་དུ་ལངས་པ། གྲོས་ཁང་གཉིས་ཀྱི་ལམ་ལུགས། ཁྲིམས་འཛིན་རང་བཙན་བཅས་ཀྱི་བསླད་སྐྱོན་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག སྔོན་འགོག་བཅས་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་འདི། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་དགོས། དམངས་འཐུས་ཚོགས་ཆེན་གྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས།

ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།