ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། མིག་སྔའི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། དམིགས་འབེན་ལ་དམ་པོར་དམིགས་པ་དང་རྐང་ཚུགས་པར་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། སྙིང་རུས་རྒྱུན་འཁྱོངས་བཅས་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་ལ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོན་པར་འགན་ལེན་དོན་ལྡན་བྱས་མཐར། རྨ་ཆུས་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད།                                                                    

  བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ཧུང་། ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཀན་ཅེ། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལུའུ་ཧའོ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུན་ཅིན་ལུང་། ཆུ་བེད་པུའུ་ཡི་པུའུ་ཀྲང་ལིས་གོ་དབྱིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། དེ་འབྲེལ་གྱི་བསམ་འཆར་དང་གྲོས་འགོ་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདི་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བརྩིས་ཏེ་འཕེལ་རྒྱས་གང་ལེགས་བཏང་བའི་ཚུན་ལ། ང་ཚོས་རྨ་ཆུའི་འབབ་རྒྱུད་དུ་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་བཙུགས་ཏེ་ལས་དོན་གང་མང་བསྒྲུབས་པ་དང་། རྨ་ཆུར་སྲུང་སྐྱོབ་དང་བཅོས་སྐྱོང་གི་གདུང་མ་བཞི་དང་ཀ་བ་བརྒྱད་ཀྱི་འཐབ་ཇུས་འཐེན་ཡོད་ལ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ། བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གང་ལེགས་ཐོབ་ཡོད། དུས་མཚུངས་སུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ད་དུང་འགལ་བ་དང་གནད་དོན་འབུར་ཐོན་ཅན་འགའ་ཤས་གནས་ཡོད་པས། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཡང་འབད་བསྐྱར་འབད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ལས་དོན་ཚང་མ་གང་ལེགས་ངང་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་དུ་གནས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྷད་མེད་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་གང་ཐུབ་བྱེད་དགོས། གཅིག་ནས་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་དང་གོང་སྤེལ་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས། གཉིས་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཀར་གཅིག་གྱུར་གྱིས་འཆར་འགོད་གང་ལེགས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ཁ་གཏད་འཇལ་ནུས་ཇེ་ཆེར་གཏོང་དགོས། གསུམ་ནས་འཐབ་ཇུས་ཀྱི་བསམ་གཞིགས་བྱེད་ནུས་ཆེ་རུ་བཏང་ནས་མ་ལག་གི་འདུ་ཤེས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། བཞི་ནས་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་ལས་ཆོད་གསར་སྒྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ལས་འགན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས། རྣམ་པ་གསར་པ་གང་མྱུར་གྱིས་ཐོན་རྒྱུར་བརྩོན་ལེན་བྱེད་དགོས། གཅིག་ནས་རང་བྱུང་གནོད་འཚེ་འགོག་པའི་འགོག་སྲུང་འཛིང་རགས་གང་མགྱོགས་ཀྱིས་འཛུགས་དགོས། གཉིས་ནས་ཆུ་བཞི་དང་གཏན་ཁེལ་བཞི་ཡི་རྩ་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བཞི་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་དགོས། ལྔ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ཅིང་། འགག་རྩ་ནི་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། གོམ་སྟབས་གཅིག་མཐུན། དོན་འཁྱོལ་དམ་འཛིན་བཅས་བྱ་རྒྱུར་རག་ལས་ཡོད། ཀྲུང་དབྱང་གིས་སྤྱི་འདོམས་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བཅས་ཀྱི་བྱ་བའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ནས། རང་འགན་གཙང་སྒྲུབ་དང་རང་འགུལ་ངང་ལས་དོན་སྒྲུབ་དགོས། ཚོང་རའི་གྲུབ་ཆ་གཙོ་བོ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་བརྩོན་སེམས་བསྐྱེད་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།