ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་འབྲོག་ལས་དང་ཉ་ལས་བྱ་བའི་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་ཀྱི་འབྲོག་ལས་དང་ཉ་ལས་བྱ་བའི་ཚོགས་འདུ་ཁྲུང་ཆིན་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དེའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། འབྲོག་ལས་དང་ཉ་ལས་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་ཐོན་ལས་གལ་ཆེན་ཞིག་ཡིན་ལ། མི་སེར་གྱི་ཁ་རྒྱབ་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། ཞིང་བ་དང་འབྲོག་པ། ཉ་པ་བཅས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་ཡོང་མིན་དང་འབྲེལ་བ་ཡོད་པ་ལས་གཞན། དངོས་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་འབྲོག་ལས་དང་ཉ་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། ཤ་སྒོང་འོ་གསུམ་དང་ཆུ་ཐོན་དངོས་རྫས་མཁོ་འདོན་ཕུན་སུམ་ཚོགས་པོ་བྱུང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་ཤ་ཚལ་སྒོང་གསུམ་གྲོང་ཁྱེར་གྱི་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཡུན་ཕན་རྒྱབ་སྐྱོར་སྲིད་ཇུས་སྔར་ལས་བརྟན་པོ་དང་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་གསོ་སྤེལ་དང་རྒྱུད་བཟང་གསོ་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན། ལས་སྣོན་འཁོར་རྒྱུག་བཅས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། ཕྱུགས་ལས་དང་ཉ་ལས་སྤུས་ཚད་མཐོན་པོའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། ཆུ་ཐོན་དངོས་རྫས་ཀྱི་ཐོན་སྐྱེད་མཁོ་སྤྲོད་འགན་སྲུང་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་མཐར། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བའི་འཛད་སྤྱོད་ཀྱི་དགོས་མཁོ་དང་ཀུན་ནས་འཚམ་མཐུན་ཡོང་བར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།