ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐོག་མར་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས21ཉིན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་དང་པོ་བརྙན་ལམ་ནས་འཚོགས། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུ་མགོ་འཛིན་གནང་། 

ཝང་དབྱི་ཡིས་བཤད་རྒྱུར། 2018ལོའི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་ཡིས་བདེ་ལེགས་ངང་མཉམ་སྡེབ་མཇལ་འཕྲད་གནང་། ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་བའི་གྲོས་ཐག་བཅད་དེ། ཕྱོགས་གཉིས་ཀྱི་ཁྱོན་ཡོངས་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་དེ་ས་ཁོངས་མི་འདྲ་བ་དང་། ཆེ་ཆུང་མི་འདྲ་བ། ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་མཛའ་མཐུན་འགྲོ་འོང་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་གོ་སྐབས་དམ་འཛིན་དང་བསམ་པ་རྣམ་དག་ངང་མཉམ་ལས་བྱས་ཏེ། ལག་གདང་སྦྲེལ་ནས་སྔར་ལས་གཏིང་ཟབ་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏོད་འདོད་ཡོད། གཅིག་ནས་སྲིད་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ནས་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསུམ་ནས་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ། བཞི་ནས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ། ལྔ་ནས་སྤྱི་ཚོགས་རིག་གནས་འབྲེལ་འདྲིས་བྱེད་རྒྱ་ཆེ་རུ་གཏོང་བ། དྲུག་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་བཅས་བྱེད་དགོས། 

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོས་མིའི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ལ་གཞིགས་ནས། གླིང་ཕྲན་རྒྱལ་ཁབ་ཀྱིས་རང་བརྟེན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་དར་རྒྱས་གཏོང་འདོད་ཡོད། ང་ཚོས་སེམས་ཤུགས་གཅིག་ཏུ་བསྡུས་ཏེ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུས་ནས། ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་བ་སྐྲུན་ངེས་ཡིན། 

ཚོགས་ཞུགས་གླིང་ཕྲན་རྒྱལ་ཁབ་ཀྱི་འཐུས་མིས་ཀྲུང་གོས་དུས་ཡུན་རིང་པོར་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ”ལ་རྒྱབ་སྐྱོར་བྱ་རྒྱུ་ཞེས་བསྐྱར་བསྒྲགས་གནང་། ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཐུན་སྒྲིལ་རིམས་འགོག་ལ་ཤུགས་སྣོན་བརྒྱབ་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། །  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།