ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ནགས་སྲུང་པ་ཁྲི་བརྒྱ་དང་བདུན་བཅུ་ལྷག་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ནགས་སྲུང་པ་ཁྲི་བརྒྱ་དང་བདུན་བཅུ་ལྷག་ཡོད་པ་རེད།

སྔར་ལས་ལྷག་པར་གཞི་རིམ་གྱི་ནགས་རྩྭའི་ཐོན་ཁུངས་ཀྱི་དོ་དམ་བདག་སྐྱོང་བྱ་བར་ཤུགས་བསྣན་ཏེ། རྒྱལ་ཡོངས་ཀྱི་གྲོང་གསེབ་ནགས་སྲུང་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས《གྲོང་གསེབ་ཀྱི་ནགས(རྩྭ་ཐང)སྲུང་པའི་དོ་དམ་བྱེད་ཐབས》གཏན་འབེབས་བྱས་པ་མ་ཟད་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས། གྲོང་གསེབ་ཀྱི་ནགས་སྲུང་པའི་དོ་དམ་ཚད་ལྡན་དུ་བཏང་བ་བརྒྱུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ།

《བྱེད་ཐབས》ལ་བསྡོམས་པས་ལེའུ6དང་དོན་ཚན30ཡོད་ཅིང་། བེད་སྤྱོད་ཁྱབ་ཁོངས་གསལ་བོར་གཏོང་བ་དང་། གདན་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ནགས་སྲུང་པའི་འགན་འཁྲི་དང་དབང་ཆ། གླ་ཕོགས་དང་བྱ་བའི་འགན་སྲུང་གཏན་ཁེལ་བྱེད་པ། དོ་དམ་འགན་འཁྲི་གཏན་ཁེལ། ད་ལྟའི་སྲིད་ཇུས་དང་འབྲེལ་མཐུད་བྱེད་པ་སོགས་ཕྱོགས5ཡི་ནང་དོན་འདུས། 《བྱེད་ཐབས》ལས་གྲོང་གསེབ་ཀྱི་ནགས་སྲུང་པའི་གླ་ཕོགས་ནི་ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་མ་དངུལ་དང་གྲོང་གསེབ་ཀྱི་སྔར་ཡོད་མ་དངུལ་སོགས་ཀྱིས་གྲུབ་པ་ཡིན་པས། རང་ས་གནས་ཀྱི་མ་དངུལ་ཐབས་ལམ་ལྟར་རྩིས་སྤྲོད་བྱེད་དགོས་པར་བསྟན།

རྗེས་མར་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་ནགས་དཔོན་ལམ་ལུགས་ཀྱི་བཅོས་སྒྱུར་གྱི་གོ་སྐབས་དང་བསྟུན་ནས། ནགས་དཔོན+ནགས་སྲུང་པའི་གཅིག་དྲིལ་ཅན་གྱི་བྱ་བའི་མ་ལག་འཛུགས་སྐྲུན་བྱས་ཏེ། ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ནགས་སྲུང་པའི་རུ་ཁག་གཅིག་སྐྲུན་རྒྱུ་དང་། དྲིག་སྒྲོག་གསོ་སྦྱོང་ལ་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་ནགས་སྲུང་པའི་ཆེད་དོན་གསོ་སྦྱོང་རྩ་འཛུགས་བྱས་ཏེ། ས་གནས་སོ་སོའི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་ཁྱབ་གདལ་དུ་བཏང་ནས། དཔེ་སྟོན་སྣེ་ཁྲིད་བྱ་བ་ལེགས་པོར་སྒྲུབ་དགོས། ལམ་ལུགས་འགན་སྲུང་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་ནགས་སྲུང་པའི་དོ་དམ་མ་ལག་འཐུས་ཚང་དུ་འཛུགས་སྐྲུན་དང་། ལྟ་སྐུལ་དཔྱད་ཞིབ་མ་ལག་བཙུགས་ནས། ཁྱད་པར་ཅན་དང་ཚན་ལྡན་ཅན་གྱི་དཔྱད་ཞིབ་ལག་བསྟར་བྱ་རྒྱུ། དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སྐོར་སྐྱོད་དྲ་མིག་ཅན་གྱི་དོ་དམ་དང་གྲོང་གསེབ་ནགས་སྲུང་པའི་དོ་དམ་འགུལ་རྣམ་ཚོད་འཛིན་ལག་བསྟར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།