ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བསྒྱུར་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས8ཉིན《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དེབ་ལས་ངོ་སྤྲོད་བྱས་དོན། ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་ཞིང་། སྐམ་མཚོ་ཉིས་འཛོམས་ཡིན་པ། ས་དབྱིབས་དང་གནམ་གཤིས་སྣ་མང་རྙོག་འཛིང་ཆེ་བ། ཕུན་སུམ་ཚོགས་ལ་ཐུན་མིན་གྱི་སྐྱེ་ཁམས་མ་ལག་དང་། དངོས་རིགས་དང་རྒྱུད་འཛིན་སྣ་མང་རང་བཞིན་སྦྲུམ་ཡོད་སྟབས། འཛམ་གླིང་སྟེང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གྲས་ཡིན། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ལ་ཆེས་སྔོན་མར་མིང་རྟགས་འགོད་མཁན་དང་ཆོག་མཆན་འགོད་མཁན་གྱི་ཕྱོགས་གཅིག་ཡིན་པའི་ངོས་ནས། ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དུས་བསྟུན་མདུན་སྐྱོད་བྱེད་པ་དང་། གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་མངོན་གསལ་བླངས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལམ་ཁ་བསྙེགས།

རྒྱབ་ཤ་དཀར་པོའི་དེབ་ལས་བསྒྲགས་དོན། ཀྲུང་གོས་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་དང་། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་སྐྲུན་དང་སྐྱེ་དངོས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་གཏན་འབེབས་སོགས་བྱེད་ཐབས་གལ་ཆེན་བཏོན་ཞིང་ལག་ཏུ་བསྟར་བ་དང་། མ་ས་དང་སྤོར་ས་གཉིས་ཀའི་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བཞིན་ཡོད་ལ། སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་མུ་མཐུད་དུ་ལེགས་བསྒྱུར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་བླངས།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བསྒྱུར་རྒྱུ་ཡིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ས་ཁུལ་སོ་སོ་དང་། ཁྱབ་ཁོངས་སོ་སོའི་དུས་ཡུན་འབྲིང་བ་དང་རིང་པོའི་འཆར་འགོད་ཁྲོད་འཇོག་རྒྱུ་ཡིན་ལ། སྲིད་ཇུས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་འགན་སྲུང་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་འཛིན་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་རང་རྟོགས་ངང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་ཡིན།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་མེད་བརླག་ཏུ་འགྲོ་བཞིན་པའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་གི་མདུན་དུ། རྒྱལ་ཁབ་སོ་སོ་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་འགྱུར་བ་མེད་པའི་སྒོ་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྒོས་སྤེལ་ཏེ། རྒྱ་ཁྱབ་ངང་གྲོས་མོལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་འབུལ་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མི་དང་རང་བྱུང་གི་ཚེ་སྲོག་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཡིན།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་ཏུ་སྐྱེ་དངོས་ཡོད་ཚད་ཀྱི་འཆམ་མཐུན་མཛེས་སྡུག་གི་གཞིས་ཁྱིམ་སྲུང་སྐྱོབ་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན།ལེགས་སྐྱེས་འབུལ་མཁན་བྱ་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་རྡང་སྦྲེལ་ནས་མདུན་སྐྱོད་དང་། མཉམ་དུ་འབད་བརྩོན་བྱ་རྒྱུ་ཡིན་ལ། སྔར་ལས་དྲང་གཞག་ལུགས་མཐུན་དང་། གང་ནུས་དེ་སྒྲུབ་ཀྱིས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་གི་འཕེལ་རིམ་གསར་པ་མགོ་བརྩམས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྨོན་འདུན་ཡག་པོ་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།