ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་རྩེ་གྲ་ཚོགས་འདུར་ཞུགས་པར་མ་ཟད་བཞེད་དོན་གསུང་བཤད་གལ་ཆེན་གནང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས12ཉིན་གྱི་ཕྱི་དྲོར་བརྙན་ལམ་བརྒྱུད་དེ་ཁུན་མིང་དུ་བསྡུས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་རྩེ་གྲ་ཚོགས་འདུར་ཞུགས་པར་མ་ཟད་བཞེད་དོན་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལར་གསོན་ཤུགས་རྒྱས་སུ་བཅུག་ཡོད་ལ། དེ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡང་ཡིན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ན་སའི་གོ་ལར་སྲུང་སྐྱོབ་དང་། མིའི་རིགས་རྒྱུན་མཐུད་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱེད་པར་ཕན། ཁུན་མིང་དུ་བསྡུས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་འབྱུང་འགྱུར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་དམིགས་འབེན་གཏན་འཁེལ་དང་ཐབས་ལམ་གསལ་པོ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ཏེ། བསམ་ཕྱོགས་གཅིག་དང་འབད་ཕྱོགས་གཅིག་བྱས་ཏེ། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱ་འོས། ང་ཚོས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ། དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་མི་མངོན་པའི་ནུས་ཤུགས་དང་གཏིང་ཤུགས་ཀྱང་ཡིན། ང་ཚོས་གནོད་མེད་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ངང་ཆགས་སུ་འཇུག་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་མཉམ་རྒྱལ་ཡོང་བར་སྐུལ་འདེད་བྱས་ཏེ། དཔལ་འབྱོར་དང་ཁོར་ཡུག་གཉིས་མཉམ་དུ་འཕེལ་བའི་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། པྲོག་གསར་གློ་ཚད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་ཤན་ཤུགས་ངན་པ་བཟོས། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་གཉིས་ཀར་གདོང་གཏད་དེ། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མིག་མདུན་གྱི་དཀའ་བ་མཉམ་སེལ་བྱས་ཏེ། སྔར་ལས་མང་ཞིང་སྔར་ལས་དྲང་གཞག་ཡིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། སྐྱེ་ཁམས་ལེགས་པོས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པ་བསྐྲུན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་འབྱུང་བའི་གོ་ལའི་ཁྱིམ་གཞིས་ཤིག་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་ནི་འགྲན་སློང་ཡོད་ལ་རེ་བའང་ཡོད་པའི་དུས་རབས་ཤིག་ལ་ཁེལ་ཡོད། ང་ཚོའི་ཐུན་མོང་གི་འབྱུང་འགྱུར་གྱི་ཆེད་དུ། ང་ཚོས་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་པ་དང་། མིའི་རིགས་ཀྱི་སྤུས་མཐོའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་བགྲོད་ལམ་གསར་པ་འབྱེད་དགོས།

དང་པོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་བཟུང་སྟེ། མི་དང་རང་བྱུང་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ། གཉིས་པ། གནོད་མེད་སྤོ་སྒྱུར་སྒུལ་ཤུགས་སུ་བརྩིས་ཏེ། གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པ། གསུམ་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ལྟེ་བར་བཟུང་སྟེ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་སྤེལ་བྱེད་པ། བཞི་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱས་ཏེ། དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ལ་སྲུང་སྐྱོང་བྱེད་པ།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མངོན་གསལ་གྱི་གྲུབ་འབྲས་བླངས་ཡོད། ཀྲུང་གོས་རྒྱུན་མཐུད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། བློ་བརྟན་འགྱུར་མེད་སྒོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་རོལ་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་བྱས་པར། ཀྲུང་གོས་མ་དངུལ་དམངས་སྒོར་དུང་ཕྱུར15སྔོན་ལ་བཏང་སྟེ། ཁུན་མིང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐེབས་རྩ་བཙུགས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོའི་མ་དངུལ་གཏོང་མཁན་ལ་འབོད་སྐུལ་བཏོན་ཞིང་དགའ་བསུ་བྱེད།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་ཆེད། ཀྲུང་གོས་མགྱོགས་མྱུར་སྒོས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་ཀྱིན་ཡོད་ལ། རིམ་གྱིས་རང་བྱུང་སྐྱེ་ཁམས་མ་ལག་ཆེས་གལ་ཆེ་བ་དང་། རང་བྱུང་མཛེས་ལྗོངས་ཆེས་ཁྱད་མཚར་ལྡན་པ། རང་བྱུང་ཤུལ་བཞག་ཆེས་ཉིང་བཅུད་འཛོམས་པ། སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་དེ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཁྲོད་བསྡུས་ཡོད། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་དམིགས་ཡུལ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་མུ་མཐུད་དུ་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་ཐཱན་རྩེ་གནོན་ལག་བསྟར་ཇུས་གཞི་དང་འགན་སྲུང་ལ་གཞོགས་འདེགས་བྱེད་པའི་ཐབས་ཇུས་རབ་དང་རིམ་པ་བསྒྲགས་ནས། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན“1+N”སྲིད་ཇུས་མ་ལག་འཛུགས་སྐྱོང་བྱ་རྒྱུ་ཡིན་ལ། ཀྲུང་གོས་རྒྱུན་མཐུད་སྒོས་ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་སྤེལ་བྱས་ཏེ། སླར་སྐྱེ་རུང་བའི་ནུས་ཁུངས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས། བྱེ་ཐང་དང་། གྲམ་ཐང་། མྱ་ངམ་ཐང་བཅས་ཀྱི་ས་ཁུལ་དུ་རླུང་ཤུགས་གློན་འདོན་འོད་འགྱེད་ཀྱི་རྟེན་གཞི་ཆེན་མོ་འཛུགས་སྐྲུན་འཆར་འགོད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། མི་ཡིས་རི་རབ་ལྷུན་པོ་མ་བསླད་ན། རི་རབ་ལྷུན་པོས་མི་རྣམས་བརླག་མ་ཡིན། སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་དཔལ་ཡོན་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན། ང་ཚོས་ལག་རྡང་སྦྲེལ་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཟུང་ནས། བུ་རབས་ཚ་རྒྱུད་ལ་འགན་ཁུར་པའི་མཐོ་ཚད་ནས་འགྲེངས་ཏེ། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྱོང་བྱེད་པ་དང་། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད།

《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་རྩེ་གྲ་ཚོགས་འདུ་དེ་ཟླ10པའི་ཚེས12ཉིན་ཁུན་མིང་དུ་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་འཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི། ཐུར་ཁེའི་སྲིད་འཛིན་ཨའེ་ཨར་ཏུའོ་ཨན། ཧྥ་རན་སིའི་སྲིད་འཛིན་མཱ་ཁོ་ལུང་། ཁོ་སི་ཐ་རི་ཁའི་སྲིད་འཛིན་ཨར་ཝ་ལ་ཏུའོ། ཅི་ཨར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུ། པ་པིས་ཡ་ཞིན་ཅི་ནེ་ཡའི་ཙུང་ལི་མཱ་ལ་ཕེ། དབྱིན་ཇིའི་རྒྱལ་རྒྱུད་ཁྲ་ཨར་སི་སོགས་བརྙན་ལམ་བརྒྱུད་དེ་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།