ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་འཕེལ་ཕྱོགས་ནན་གྱིས་བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུའི་སྟེང་བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་འཕེལ་ཕྱོགས་ནན་གྱིས་བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཟླ10བའི་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དུ་བཞུགས་མོལ་ཚོགས་འདུ་འཚོགས་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུའི་སྟེང་། ད་ལོའི་དུས་ཚུགས་བཞི་པ་དང་སང་ལོའི་ལོ་སྟོད་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དོན་འཁྱོལ་ནན་ཏན་གཏོང་བ་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་འཕེལ་ཕྱོགས་དམ་འཛིན་ནན་མོ་བྱས་ཤིང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཡང་དག་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་དང་། ནུས་རྒྱུའི་བདེ་འཇགས་མཁོ་འདོན་ལ་ཁག་ཐེག མི་དམངས་མང་ཚོགས་དྲོད་ཁོལ་ལྡན་པར་དགུན་སྐྱེལ་བར་ཁག་ཐེག་བྱེད་དགོས། 

ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནས་བཟུང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་རྒྱུན་འཁྱོངས་བྱས་ཡོད་པས། གྲུབ་འབྲས་དེ་འདྲ་ཐོབ་པ་ལས་སླ་པོ་ཞིག་མིན། གནས་ཚུལ་གསར་པ་ཁོང་དུ་ཆུད་པ་དང་གནད་དོན་གསར་པར་ཞིབ་འཇུག  ཡིད་ཆེས་སྲ་བརྟན་དུ་བཏང་ཞིང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས། སྤྱི་ཁོག་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་བརྒལ་བའི་སྙོམ་སྒྲིག་ཡག་པོ་བྱས་ཏེ་སང་ལོའི་ལས་དོན་ལ་སྔ་མོ་ནས་ཇུས་འགོད་བྱེད་དགོས།

 ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྡོ་སོལ་དང་གློག རྡོ་སྣུམ། སོལ་རླངས་བཅས་སྐྱེལ་འདྲེན་འགན་ལེན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནུས་རྒྱུའི་གློག་ཤུགས་བདེ་འཇགས་དང་བརྟན་བརླིང་ངང་མཁོ་འདོན་ཐུབ་པར་འགན་ལེན་བྱེད་དགོས། རིགས་འབྱེད་ཁྲིད་སྟོན་དང་སྲིད་ཇུས་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་འཚམ་པའི་སྔོན་འགྲོའི་ཆ་རྐྱེན་འོག རྡོ་སོལ་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱ་ཐབས་ནུས་ལྡན་ལ་ཞིབ་འཇུག་བྱས་ཏེ། གསོག་ཉར་འུད་སྒྲོག་མཐའ་གཅིག་ཏུ་བཀག་འགོག་དང་ཁྲིམས་སྲོལ་དོ་དམ་བྱེད་དགོས། རྡོ་སོལ་གློག་འདོན་གྱི་རིན་གོང་འཕར་ཆག་གི་ཁྱབ་ཁོངས་ཆེ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། རྡོ་སོལ་དང་གློག་འདོན་ཁེ་ལས་ལ་དུས་མཚམས་རང་བཞིན་གྱི་དཀའ་ངལ་སེལ་རོགས་བྱེད་པ་དང་། རྡོ་སོལ་དང་གློག་གི་རིན་གོང་ཁྲོམ་ར་ཅན་དུ་འགྱུར་བའི་ལམ་སྲོལ་ལ་ཞིབ་འཇུག་བྱས་ནས་འཐུས་ཚང་དུ་གཏོང་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོན་ཆུང་སྤྱོད་ནུས་ཀྱི་ལྕག་སྐུལ་དང་ཚོད་འཛིན་སྲིད་ཇུས་འཐུས་ཚང་དུ་བཏང་ནས། མཁོ་སྤྲོད་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་ནུས་རྒྱུའི་ལས་རིགས་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཟད་གྲོན་ཆེ་བའི་ལས་རིགས་ཀྱི་ནུས་སྟོབས་གཙོ་གནད་ཐོག་ཚོད་འཛིན་བྱས་ནས། ཞིབ་ཕྲ་དང་གོ་རིམ་ལྡན་པའི་ངང་སྤྱོད་འཐུས་དོ་དམ་ཡག་པོ་བྱེད་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་ནུས་རྒྱུའི་གསོག་འཇོག་ནུས་པ་མགྱོགས་མྱུར་ངང་ཆེ་རུ་གཏོང་དགོས། དམངས་འཚོ་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་། དམངས་འཚོ་དང་སྤྱི་པའི་ཞབས་ཞུའི་དགོས་མཁོར་འགན་སྲུང་བྱེད་དགོས། 

ཧི་ལི་ཧྥུང་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།