ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མཱོ་ཁེར་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙི་ཀོང་ཀེ་རུ་འཇར་མན་གྱི་ཙུང་ལི་མཱོ་ཁེར་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།  

ཟླ10པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙི་ཀོང་ཀེ་རུ་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་བརྙན་ལམ་ནས་མཇལ་འཕྲད་གནང་། 

ལི་ཁེ་ཆིང་གིས་མཱོ་ཁེར་གྱིས་འཇར་མན་དང་ཡོ་རོབ་གླིང་གི་ཀྲུང་གོར་དངོས་སྒྲུབ་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་གདེང་འཇོག་གང་ལེགས་གནང་། ཁོང་གིས་བསྟན་དོན།   ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཆེ་རུ་གཏོང་བར། ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་འཇར་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཀྱི་མདུན་གྲལ་དུ་བརྟན་བརླིང་ངང་བསྐྱོད་ཡོད། ཀྲུང་འཇར་འབྲེལ་བར་བརྟན་བརླིང་རང་བཞིན་དང་། འཚར་ལོངས་རང་བཞིན་ཆེན་པོ་ལྡན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་གཉིས་པོས་འདྲ་མཉམ་འགྲོ་འོང་། དངོས་སྒྲུབ་མཉམ་ལས་ལ་དམིགས་པ། ཕན་ཚུན་ལ་བརྩི་འཇོག་བྱེད་པ་མཐའ་འཁྱོངས། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏོད་པ་བཅས་ལས་བྱུང་བ་རེད། ཀྲུང་འཇར་འབྲེལ་བ་བེད་འཇགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དེ་ཀྲུང་འཇར་རྒྱལ་ཁབ་གཉིས་ལ་ཕན་པ་མ་ཟད། འཛམ་གླིང་ལའང་ཕན་པ་ཡོད། སང་ལོ་ནི་ཀྲུང་འཇར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པས། ཀྲུང་གོས་འཇར་མན་དང་མཉམ་དུ་འབད་བརྩོན་བྱས་ཏེ། མུ་མཐུད་དུ་མཉམ་ལས་གཉིས་ཕན་གྱི་རྟིང་ཤུགས་གཏིང་ཟབ་ཏུ་བཏང་ནས། ཀྲུང་འཇར་འབྲེལ་བ་བརྟན་ལ་ཡུན་རིང་གནས་པར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཁེ་ཆིང་གིས་བསྟན་དོན། ཀྲུང་གོས་ཀྲུང་འཇར་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྔར་རྒྱུན་བཞིན་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། འཇར་མན་གྱི་སྲིད་གཞུང་གསར་པས་དགེ་མཚན་ལྡན་ལ་དངོས་སྒྲུབ་ཀྱི་ཀྲུང་གོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། ཀྲུང་འཇར་འབྲེལ་བའི་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་སྲ་བརྟན་དུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད། མུ་མཐུད་དུ་སྲིད་གཞུང་གི་གྲོས་མོལ་སོགས་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་རེས་ཀྱི་ལམ་སྲོལ་ཡག་པོར་སྤྱད་དེ། མཉམ་ལས་ཀྱི་གཞི་རྩ་སྟོབས་ཆེར་གཏོང་དགོས། ཀྲུང་གོས་འཇར་མན་ཚུད་པའི་ཕྱོགས་སོ་སོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་རིམས་ནད་སྔོན་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོས་སྒོ་འབྱེད་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་འགྲོ་བ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་བརྟན་བརླིང་ལ་སྲུང་སྐྱོང་བྱ་པའི་རེ་བ་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས།

ལི་ཁེ་ཆིང་གིས་མོ་ཁེར་གྱིས་འགན་བསྐྱུར་རྗེས་རྒྱུན་དུ་ཀྲུང་གོར་ཕེབས་སྐོར་བྱས་ཏེ། མུ་མཐུད་དུ་ཀྲུང་འཇར་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུས།  

མཱོ་ཁེར་གྱིས་བསྟན་དོན། འདས་བའི་ལོ་བཅུ་ལྷག་གི་རིང་། འཇར་ཀྲུང་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་རྒྱུན་འཁྱོངས་བྱས་པ་དང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་བཏང་བས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེ་བཞིན་རྒྱ་ཆེར་སོང་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། འཇར་མན་གྱིས་མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས།  དམངས་ཁྲོད་འབྲེལ་འདྲིས་རྒྱ་ཆེར་གཏོང་འདོད་ཡོད། འཇར་མན་གྱི་ཁེ་ལས་ལ་ཀྲུང་གོ་རུ་འདྲ་མཉམ་ངང་ཁྲོམ་རར་ཞུགས་འཐུས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་ཐོབ་པའི་རེ་བ་ཡོད། འཇར་མན་གྱི་སྐབས་གསར་པའི་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱ་རྒྱུར་ཡིད་ཆེས་ཡོད། ཕྱོགས་གཉིས་པོས་སང་ལོའི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། འཇར་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།