ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གནད་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད། 

 ཚོགས་འདུས་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ11པའི་ཚེས8ཉིན་ནས་ཚེས11ཉིན་བར་པེ་ཅིང་དུ་འཚོག་རྒྱུ་གཏན་འབེབས་བྱས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ཀྱི་མ་ཡིག་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས། གྲོས་ཆོད་ཀྱི་མ་ཡིག་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུར་གཏན་འབེབས་བྱས། 

ཚོགས་འདུས་ཐེངས་འདིའི་བསམ་འཆར་བསྡུ་ལེན་གྱིས་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ནས། ཏང་ཕྱི་ནང་གི་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ངང་ཉན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། དམངས་གཙོའི་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་གསན་པ་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཀྱིས་གྲོས་ཆོད་མ་ཟིན་ལ་ཁས་ལེན་གང་ལེགས་གནང་བ་དང་། གྲོས་ཆོད་མ་ཟིན་གྱི་སྒྲོམ་གཞིའི་གྲུབ་ཆ་དང་ནང་དོན་གཙོ་བོར་མགྲིན་གཅིག་ཏུ་མོས་མཐུན་གནང་། གྲོས་ཆོད་མ་ཟིན་གྱིས་དངོས་ཐོག་བདེན་འཚོལ་དང་། ལོ་རྒྱུས་ལ་བརྩི་འཇོག བརྗོད་དོན་ཁ་གསལ། ཕྱོགས་སྡོམ་ཁྱོན་ཡོངས་བཅས་བྱས་པ་དང་། དུས་མཚུངས་སུ་བསམ་འཆར་དང་གྲོས་མགོ་ཡག་པོ་མང་པོ་བཏོན་ཡོད་པར་བསམ། གྲོས་ཆོད་མ་ཟིན་གྱིས་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་མགོ་བསྡུ་ལེན་བྱས་ཡོད་པར་བསྟན། 

ཚོགས་འདུས་བསྟན་དོན། ལོ་བརྒྱའི་རིང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ས་ཆེན་འདིར་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བརྗིད་ཆགས་ཡིད་འོང་གི་དཔེ་རིས་ཤིག་བཀོད་ཡོད། ཉེ་རབས་ལོ་ངོ་བརྒྱ་ལྷག་རིང་བྲན་དུ་ཤོར་ཞིང་བརྙས་བཅོས་ཚད་མེད་མྱངས་པའི་ཀྲུང་གོའི་མི་དམངས་ཡར་ལངས་ཤིང་། ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད། ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་འཛམ་གླིང་ཐོག་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྲུབ་འབྲས་ཀྱི་ལམ་བུ་བཏོད། ཀྲུང་གོ་གསར་པ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འོད་སྟོང་འབར་བའི་མདུན་ལྗོངས་མངོན་ཡོད།

ཚོགས་འདུས་ནན་གྱིས་བསྟན་དོན། ཏང་གི་ཡུན་རིང་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད། བློ་མཐུན་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་བཅས་ཀྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པ་དང་ཉམས་མྱོང་རྩ་ཆེན་གསར་པ་བསགས་ཡོད། དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པ་དང་། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་སྔར་ལས་གཅིག་སྒྲིལ་བྱུང་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་སྔར་ལས་འཐུས་ཚང་ཡིན་པའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེ་ཞིང་གཉའ་མི་ཞུམ་པའི་འབད་འཐབ་ཀྱིས་འཛམ་གླིང་ལ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པར། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། 

 ཚོགས་འདུས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་སྡུག་གི་ནང་ནས་བདེ་བ་འཐོབ། བདེ་བར་ཆགས་ན་འཇིག་ཉེན་འབྱུང་། རྒྱང་རིང་འཇིག་པ་རྒྱུན་དུ་སོམ། བདེ་སྡོད་ཉེན་བསམ་རྒྱུན་པར་བྱ་ཞེས་པ་བློ་ལ་བཅངས་ནས། མུ་མཐུད་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། ཟམ་མི་ཆད་པར་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་མངོན་འགྱུར་དང་སྲུང་སྐྱོང་། འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།