ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྨང་གཞི་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་བརྡ་ཐོ་བཀྲམ་ཏེ། ཧྲང་ཧེ་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲིན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར། ཧི་པའེ་ཞིང་ཆེན་གྱི་ལང་ཧྥང་གྲོང་ཁྱེར། ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་གྱི་ཁྲང་ཀྲོའུ་གྲོང་ཁྱེར། ཨན་ཧུའེ་ཞིང་ཆེན་གྱི་ཐུང་ལིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་གྱི་སན་མིན་གྲོང་ཁྱེར། ཧུའུ་པའེ་ཞིང་ཆེན་གྱི་དབྱི་ཁྲང་གྲོང་ཁྱེར། ཧྲའན་ཞི་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་གྱི་ཀའོ་ཞིན་ཆུས། ཧྲན་ཏུང་ཞིང་ཆེན་གྱི་ཀྲུའུ་ཁྲིན་གྲོང་ཁྱེར་བཅས་ཞིང་ཆེན་དང་གྲོང་ཁྱེར་ཆུས12སུ་སློབ་གསོ་པུའུ་ཡི་རྨང་གཞི་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་རྒྱུའི་བཀོད་སྒྲིག་བྱས།

ངོ་སྤྲོད་བྱས་པ་ལྟར་ན། སློབ་གསོ་པུའུ་ཡི་རྨང་གཞི་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་ཁུལ་དེ་ཞིང་ཆེན་རིམ་པའི་གྲོང་ཁྱེར་དང་འཆར་འགོད་ཆིག་རྐྱང་གྲོང་ཁྱེར། ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར། ས་གནས་རིམ་པའི་གྲོང་ཁྱེར། མཐོ་གསར་ཚན་རྩལ་ཐོན་ལས་གསར་སྤེལ་ཆུས། རྫོང་རིམ་པའི་གྲོང་ཁྱེར་སོགས་ལ་ཁྱབ་ཡོད་སྟབས་མཚོན་བྱེད་རང་བཞིན་ངེས་ཅན་ལྡན་པ་རེད། རྒྱུས་ལོན་པ་ལྟར་ན། ཚོད་ལྟ་ཁུལ་ཚང་མས་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་བཅས་ཀྱི་མིང་ཐོག་ནས་ཇུས་གཞི་བཀྲམ་སྟེ་བཅོས་སྒྱུར་ཚོད་ལྟའི་ནང་དོན་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད། རྗེས་ཕྱོགས་སློབ་གསོ་པུའུ་ཡིས་ཚོད་ལྟ་ཁུལ་དུ་རྟོག་ཞིབ་གཏིང་ཟབ་གནང་རྒྱུ་དང་། ཚོད་ལྟ་ཁུལ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱ་རྒྱུ། ལྷག་པར་དུ“གཉིས་འཕྲི”སོགས་ལས་འགན་གལ་ཆེན་དང་མུ་མཐུད་དུ་རྨང་གཞི་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་མ་ཟད། དུས་བཅད་ལྟར་བརྗེ་རེས་དཔྱད་གླེང་ཚོགས་འདུ་འཚོགས་རྒྱུ་དང་། དངོས་བཤེར་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱ་རྒྱུ། ཁྱད་འཕགས་ཀྱི་མ་དཔེ་ལ་དྲིལ་སྒྲོག་ཁྱབ་སྤེལ་བྱ་རྒྱུ།  དཔེ་སྟོན་ཕྱོད་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ་མ་ཟད།  སྔར་ལས་ལྷག་པར་རྒྱལ་ཡོངས་ས་གནས་སོ་སོའི་རྨང་གཞི་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཁྱོན་ཡོངས་ནས་རྨང་གཞི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།