ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་ཐོག“ཁུན་མིང་བསྒྲགས་གཏམ”ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། 2020ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན(དུས་མཚམས་དང་པོ)གྱི་མཐོ་རིམ་ཚོགས་འདུ་གྲོལ་ཞིང་། ཚོགས་འདུའི་ཐོག“ཁུན་མིང་བསྒྲགས་གཏམ”ལ་དངོས་སུ་གྲོས་འཆམ་བྱུང་བ་རེད། “ཁུན་མིང་བསྒྲགས་གཏམ”ནི་ཆབ་སྲིད་རང་བཞིན་གྱི་བསྒྲགས་གཏམ་ཞིག་ཡིན་ལ། ཐེངས་འདིའི་ཚོགས་ཆེན་གྱི་གྲུབ་འབྲས་གཙོ་བོ་རེད། 

“ཁུན་མིང་བསྒྲགས་གཏམ”གྱིས་ནུས་པ་དོན་དང་ལྡན་པའི“2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”བཟོས་ཤིང་གྲོས་འཆམ་བྱུང་ནས་ལག་བསྟར་བྱས་ཏེ། མིག་སྔའི་སྐྱེ་དངོས་སྣ་མང་རང་བཞིན་ཉམས་པའི་འཕེལ་ཕྱོགས་ལ་འགྱུར་ལྡོག་གཏོང་རྒྱུ་དང་། ཆེས་འཕྱི་ནའང2030ལོར་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོའི་ལམ་བུར་བསྐྱོད་དེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི2050ལོའི་ཕུགས་འདུན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པར་འགན་ལེན་བྱ་རྒྱུ་ཁས་ལེན་བྱས། 

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིན་གྱིས་བསྟན་དོན། “ཁུན་མིང་བསྒྲགས་གཏམ”གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ཀྲུང་གོས་སྒོ་འབྱེད་དང་། ཁ་གསལ། ཁོང་ཡངས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆིངས་ཡིག་འཇོག་མཁན་ཕྱོགས་སོ་སོས་བློ་གྲོས་ཀྱི་ལེགས་སྐྱེས་ཧུར་ཐག་གིས་ཕུལ་ནས། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་མགོ་གང་མང་བཏོན་པས། བསྒྲགས་གཏམ་གྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་ཕྱིན་ཡོད་ཅིང་། དེས་རྒྱལ་ཁབ་སོ་སོས་ཐུན་མོང་ཐོག་བྱ་སྤྱོད་སྤེལ་ནས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་པའི་འཕེལ་ཕྱོགས་བཀག་འགོག་དང་འགྱུར་ལྡོག་གཏོང་བའི་འདུན་པ་དྲག་པོ་མངོན་ཡོད། 

 མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་དབྱི་ལི་ཧྲ་པའེ་མུའུ་ལུའེ་མཱ་ཡིས“ཁུན་མིང་བསྒྲགས་གཏམ”གྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་ཅིག་མཁོ་འདོན་བྱས་པ་དང་། རིམ་པ་མཐོ་བའི་ཚོགས་འདུའི་ཐོག“ཁུན་མིང་བསྒྲགས་གཏམ”ལ་མོས་མཐུན་དང་གྲོས་འཆམ་བྱུང་པ་དེས། “2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”བཟོ་བར་བློ་སྟོབས་དང་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་རེད་ཅེས་བསྟན། 

 ཀྲའོ་དབྱིང་མིན་གྱིས་བསྟན་དོན། “ཁུན་མིང་བསྒྲགས་གཏམ”གྱིས“2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”བཟོ་བ་དང་ལག་ལེན་བྱ་བར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས། རྗེས་མཐུད་ཀྱི་གྲོས་མོལ་དང་གྲོས་གཞིར་ཁ་ཕྱོགས་བཟོ་རྒྱུ་མ་ཟད། རྨང་གཞི་དང་ཆབ་སྲིད་ཀྱི་མཛུབ་ཁྲིད་ཀྱང་མཁོ་འདོན་བྱ་རྒྱུ་རེད། བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་དེས་རྒྱལ་ཁབ་སོ་སོས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ལེགས་སྐྱེས་ཏན་ཏིག་ཕུལ་བ་དང་བྱ་སྤྱོད་ནུས་ལྡན་སྤེལ་བའི་ཆོད་སེམས་དང་འདོད་བློ་མཚོན་པས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྒུལ་ཤུགས་གསར་པ་བསྣོན་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།