ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བརྙན་ལམ་བརྒྱུད་ནས་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  པར་འདི་ནི་ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བརྙན་ལམ་བརྒྱུད་ནས་མཇད་འཕྲད་གནང་བའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བརྙན་ལམ་བརྒྱུད་ནས་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་མཛའ་མཐུན་གྱི་རྣམ་པའི་ཁྲོད་ཉེ་བའི་ལོ་འགའི་རིང་གི་ཀྲུང་འཇར་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ལ་ཕྱིར་དྲན་བྱས་པ་མ་ཟད། འབྲེལ་ཡོད་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས། 

ཞི་ཅིན་ཕིང་གིས་མའོ་ཁི་ཨར་གྱིས་འགན་ཁུར་བའི་རིང་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཕུལ་བའི་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་།  ཞི་ཅིན་ཕིང་གིས་བསྟན་དོན། “མིའི་བར་གྱི་རྒྱུས་ལོན་གཙོ་བོ་ཕན་ཚུན་ཤེས་རྟོགས་ལས་བྱུང་ལ། མིའི་བར་གྱི་ཤེས་རྟོགས་ནི་འདོད་བློ་ཤེས་པ་ལས་བྱུང་།” སྐད་ཆ་དེ་ནི་ང་ཚོས་ལོ་མང་པོའི་རིང་འགྲོ་འོང་གཏིང་ཟབ་བྱེད་པར་གསལ་འགྲེལ་ཡག་པོ་བྱས་པ་ཡིན་ལ། འདས་ཟིན་པའི་ལོ16རིང་གི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་པའི་ཉམས་མྱོང་གལ་ཆེན་ཡང་ཡིན། ཀྲུང་གོའི་མིས་བརྩེ་འདང་ལ་མཐོང་ཆེན་བྱེད། ང་ཚོས་གྲོགས་པོ་རྙིང་པ་བརྗེད་མི་སྲིད། ཀྲུང་གོའི་སྒོ་ཆེན་དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ་ཕྱེས་ཡོད། ཁྱོད་ཀྱིས་མུ་མཐུད་དུ་ཀྲུང་འཇར་དང་། ཀྲུང་གོ་དང་ཡོ་རབ་གླིང་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རོགས། 

པར་འདི་ནི་ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བརྙན་ལམ་བརྒྱུད་ནས་མཇལ་འཕྲད་གནང་བའི་རྣམ་པ་རེད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ཐེངས་མང་པོར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་ལ་གཞིགས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་ཕན་ཚུན་གསབ་རེས་རང་བཞིན་འདོན་སྤེལ་བྱས་ཏེ་མཉམ་རྒྱལ་མངོན་འགྱུར་བྱས་ཡོད། ཀྲུང་གོ་དང་འཇར་མན་ལ་རང་ངོས་འཕེལ་རྒྱས་ཡག་པོ་བྱུང་བ་དེས། འཛམ་གླིང་གི་དཔལ་འབྱོར་ལ་ལེགས་སྐྱེས་སྔར་བས་ཆེ་བ་ཕུལ་ཡོད། དེས་རྒྱལ་ཁབ་དང་རྒྱལ་ཁབ་བར་གཅིག་རྒྱལ་གཅིག་ཕམ་གྱི་འགྲན་རྩོད་གཏན་འགོག་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་ཐུབ་ལ། དེ་ནི་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བར་ངེས་པར་དུ་སྟངས་འཛིན་ནན་མོ་བྱེད་དགོས་པའི་རྩ་བའི་དགོངས་གཞི་ཡིན་པ་ར་སྤྲོད་བྱས་ཡོད། སང་ལོ་ནི་ཀྲུང་གོ་དང་འཇར་མན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་རེད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཇི་ལྟར་གཏོང་བའི་ཐད་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་ཕན་གྱི་ཟུར་ཚད་ནས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱིན་ཡོད། འཇར་མན་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་ཤེས་རྟོགས་དང་། མི་དམངས་བར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་རྟིང་ཤུགས་སྔོག་འདོན་བྱེད་པ། ནུས་རྒྱུ་ཕྱོགས་སྒྱུར་དང་། ལྗང་མདོག གྲངས་འཛིན་དཔལ་འབྱོར་སོགས་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་གསར་འབྱེད་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་གཏིང་ཟབ་དང་དོན་དམ་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། 

པར་འདི་ནི་ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བརྙན་ལམ་བརྒྱུད་ནས་མཇལ་འཕྲད་གནང་བའི་རྣམ་པ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་དང་འཕེལ་རྒྱས་སྙེགས་པ་ནི་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་ལ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཐུན་མོང་ཁེ་ཕན་དེ་འགལ་བ་ལས་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད། མིག་སྔར། གོ་ལ་ཧྲིལ་པོས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་། བརྟན་བརླིང་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་དམིགས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀ་གོ་ལ་ཧྲིལ་པོའི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་ཆ་ནས། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཐུན་སྒྲིལ་སྒོས་ཁ་གཏད་འཇལ་བའི་འགན་འཁྲི་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་སྟངས་འཛིན་བྱེད་པ་དང་། ཕྱི་རོལ་ཡུལ་དང་ཁྱོན་ཡོངས་ནས་ཕན་ཚུན་ངོས་འཛིན་བྱེད་པ་དང་། རིགས་དཔག་ཞི་ལྷོད་དང་དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་ས་ཐག་གཅོད་བྱེད་དགོས། ཡོ་རོབ་ཕྱོགས་ཀྱིས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ། ཡོ་རོབ་མནའ་འབྲེལ་གྱི་རང་ངོས་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་དཀའ་གནད་ཐག་གཅོད་བྱ་བར་ཐུན་མོང་ཐོག་ནུས་ཤུགས་འདོན་པའི་རེ་བ་ཡོད། 

མའོ་ཁི་ཨར་གྱིས་ངས་ང་ཚོའི་ལོ་བཅུ་ལྷག་གི་འགྲོ་འོང་ཚང་མ་གསལ་པོ་དྲན་གྱིན་ཡོད། ང་ཚོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་ལྷག་བསམ་ཟོལ་མེད་ངང་བསམ་བློ་བརྗེ་རེས་བྱས་ཏེ། ཕན་ཚུན་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་བཏང་བ་དང་། འཇར་ཀྲུང་འབྲེལ་བ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་བཏང་ཡོད། ངས་འཇར་མན་ཙུང་ལི་ཡི་འགན་ཁུར་བའི་རིང་། ཀྲུང་གོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རྒྱལ་སྟོབས་སྔོན་དང་བསྡུར་ཐབས་བྲལ་བ་མ་ཟད། རྟིང་ཤུགས་ཆེན་པོ་མངོན་ཡོད། ང་ལ་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་གྱིས་རང་ཚུགས་རང་བདག་ངང་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་དགོས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གནས་པའི་ཧེ་བག་དང་མི་མཐུན་པའི་གནད་དོན་ཐད་གླེང་མོལ་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་རྒྱག་ཆོག་པའི་འདོད་ཚུལ་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་ཁོངས་གཏོགས་ཀྱིས་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས། འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་གཏོང་ཐུབ་པའི་ཡིད་ཆེས་ཡོད། འཇར་མན་གྱིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་དང་མཉམ་དུ་འཇར་མན་དང་ཀྲུང་གོའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོར་སྤེལ་ནས། མུ་མཐུད་དུ་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ངས་མུ་མཐུད་དུ་འཇར་མན་དང་ཀྲུང་གོའི་བར་གྱི་རྒྱུས་ལོན་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།