ཝང་དབྱང་གིས་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

པར་འདི་ནི་ཟླ10པའི་ཚེས12ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་སའེ་ཁྲུང་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཡིན་ལ། ན་ནིང་ཚུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་ལ་མཇལ་འཛོམས་གནང་སྟེ་རྒྱལ་ཡུམ་མོ་ཉི་ལེ་ལ་མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས་གནང་བ་དང་། དབུ་བཞུགས་བློན་ཆེན་ཧུང་སེན་དང་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་གནང་བ་དེས་ཀྲུང་གོ་ཁམ་ཕུ་ཁྲེ་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་མཚོན་བྱས་ཡོད། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་གིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་རིམ་པ་སོ་སོ་དང་མུ་མཐུད་དུ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་བར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་ཧུར་ཐག་བྱེད་འདོད་ཡོད།

སེ་ཁྲུང་གིས་ཀྲུང་གོ་ཕྱོགས་ཀྱིས་མཚར་སྡུག་འོད་སྟོང་འབར་བའི་གྲུབ་འབྲས་མང་པོ་བླངས་པར་རྟེན་འབྲེལ་ཞུ་རྒྱུ་དང་། དུས་ཡུན་རིང་པོར་རྒྱབ་སྐྱོར་དང་རོགས་རམ་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཁམ་ཕུ་ཁྲེའི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་བསམ་བློ་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ལི་པིན་དང་ཀུའུ་ཧྲེང་ཙུའུ་གཉིས་མཇལ་འཕྲད་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།