ཞི་ཅིན་ཕིང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་།

སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་དང་།

མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་།

པར་འདི་ནི་ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་ཀྱིས་སའི་གོ་ལར་གསོན་ཤུགས་ཁེངས་པར་བྱེད་ལ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་རྨང་གཞིའང་རེད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དེས་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོབ་ལ་ཕན་ཐོགས་པ་དང་། མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཁུན་མིང་གི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འབྱུང་འགྱུར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དམིགས་ཚད་དང་ཐབས་ལམ་གསལ་པོ་བཟོས་པས་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློ་རྩེ་གཅིག་ཏུ་བཏང་ཞིང་། ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ཏེ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་དགོས།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་བསྐྲུན་དགོས། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ། དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྟིང་ཤུགས་དང་གཏིང་ཤུགས་དང་འབྲེལ་བ་ཡོད། ང་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ང་ཆགས་པ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཀར་ཕན་པ་ཐོབ་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་ཁོར་ཡུག་མཉམ་དུ་འཕེལ་རྒྱས་འགྲོ་བའི་ས་གོ་ལའི་ཁྱིམ་གཞིས་སྐྲུན་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་འཕེལ་རྒྱས་ལ་གྲིབ་སྐྱོན་བཏང་། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ཉིས་བརྩེགས་ཀྱི་མདུན་དུ། ང་ཚོས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་ངལ་མཉམ་སེལ་བྱས་ཏེ། འཕེལ་རྒྱས་གྲུབ་འབྲས་དང་སྐྱེ་ཁམས་བཟང་པོས་སྔར་ལས་དྲང་བཞག་ངང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་འདོགས་པ་དང་། འཛམ་གླིང་རྒྱལ་ཁབ་སོ་སོ་ཐུན་མོང་དུ་འཕེལ་རྒྱས་འགྲོ་བའི་སའི་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་འགྲན་སློང་དང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད། ང་ཚོའི་ཐུན་མོང་གི་འབྱུང་འགྱུར་ཆེད་དུ། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས།

དང་པོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གིས་སྣེ་ཁྲིད་དེ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། བཟོ་ལས་དཔལ་ཡོན་ལས་བྱུང་བའི་འགལ་བ་ཐག་གཅོད་ཡག་པོ་བྱས་ནས། མིའི་རིགས་ཀྱི་བྱེད་སྒོ་དེ་སྐྱེ་ཁམས་ཁོར་ཡུག་གིས་ཐེག་ཐུབ་པའི་ཚད་གཞིའི་ནང་ཚོད་འཛིན་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་དགོས།

གཉིས་པ། ལྗང་མདོག་ཕྱོགས་བསྒྱུར་གྱི་སྒུལ་ཤུགས་ལ་བརྟེན་ནས། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་བཙུགས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས། རི་ལྗང་ཆུ་དྭངས་ལས་ཕན་འབྲས་ཆེན་པོ་ལེན་དགོས། ལྗང་མདོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དགོས། 

གསུམ་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ལྟེ་བར་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་བློ་ལ་བཅངས་ནས། ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། ལས་ཞུགས་གསར་གཏོད། དབུལ་ཕོངས་སེལ་བ་སོགས་ཕྱོགས་མང་གཉིས་ཕན་མངོན་འགྱུར་ཡོང་བ་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས། 

བཞི་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཏེ། འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་ནས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་དང་ལག་བསྟར་ནུས་ལྡན་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་གསར་པ་འཛུགས་པར་དཔའ་སེམས་དང་དངོས་སྒྲུབ་དོ་མཉམ་ཡོང་བ་བྱས་ཏེ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་སྔར་བས་འདྲ་མཉམ་ལུགས་མཐུན་ཡོང་བ་བྱེད་དགོས། 

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར15བཏང་ནས། ཁུན་མིང་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་བཙུགས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་། ཀྲུང་གོས་ཕྱོགས་སོ་སོས་ཐེབས་རྩར་མ་དངུལ་འཇོག་པར་དགའ་བསུ་ཞུས་ཤིང་འབོད་སྐུལ་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། རང་བྱུང་སྣོད་བཅུད་མ་ལག་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཡིན་ཤོས། རང་བྱུང་ཤུལ་བཞག་གི་སྙིང་བཅུད་ལྡན་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་ས་ཁོངས་དག་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ནང་རིམ་བཞིན་འཇུག་བཞིན་ཡོད། ཐན་རྩེར་སྙེག་དང་ཐན་སྙོམ་སྒྲིག་གི་དམིགས་ཚད་མངོན་འགྱུར་ཐུབ་པར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་སུ་ཐན་རྩེར་སྙེག་གི་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་འགན་ལེན་བྱ་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་ཏེ། ཐཱན་རྩེར་སྙེག་དང་ཐཱན་སྙོམ་སྒྲིག དེ་བཞིན“1+N”སྲིད་ཇུས་མ་ལག་བསྐྲུན་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ཐོན་ལས་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་སུ་རླུང་གློག་འོད་ཤུགས་ཀྱི་རྟེན་གཞི་ཆེ་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཐའ་མཇུག་ནན་གྱིས་བསྟན་དོན། མི་ཡིས་རང་བྱུང་ཁམས་མ་བསླུས་ན། རང་བྱུང་ཁམས་ཀྱིས་མི་ག་ལ་བསླུ། སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཡིན། ང་ཚོས་ལག་གདང་སྦྲེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་འཛིན་དང་། བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་མཐོ་ཚད་ཀྱིས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་དང་། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན་དགོས།

“སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཁྲིད་པའི་དབུ་ཚོགས་ཟླ10པའི་ཚེས12ཉིན་ཁུན་མིང་དུ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་འཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཕ་ཕུ་ཡ་ཞིན་ཅི་ནེ་ཡའི་ཙུང་ལི་མ་ལ་ཕེ། དབྱིན་ཇིའི་རྒྱལ་རྒྱུད་འཛིན་མཁན་ཁྲ་ཨར་སི་སོགས་བརྙན་ལམ་བརྒྱུད་ནས་དབུ་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།