ཞིན་ཧྭ་གསར་འགྱུརཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གྱི་དགོང་མོར། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས།
པར་འདི་ནི་ཟླ10པའི་ཚེས9ཉིན་གྱི་དགོང་མོར། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པའི་རྣམ་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལིས་ཀྱིས་སྣེ་ལེན་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་ཕུལ། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་མགོ་ཚུགས་པའི་ལོ་འདིར། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་ནས། སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེའི་སྔོན་བྱོན་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་། ལྕགས་ཕག་ལོའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོར་སྐུལ་ལྕག་དང་མཐུན་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ལོ་རྒྱུས་དང་དོན་དངོས་འབྲེལ་མཐུད་བྱེད་པའི་གཟིགས་རྒྱང་ཆེན་པོས་ལྕགས་ཕག་ལོའི་གསར་བརྗེ་ཡི་ལོ་རྒྱུས་ཀྱི་མཛད་རྗེས་དང་ལོ་འཁོར110རིང་གི་ལོ་རྒྱུས་བློ་འབྱེད་རྒྱས་བཤད་གཏིང་ཟབ་གནང་བ་དེ་ནི། མཐོང་གཟིགས་རྒྱ་ཆེ་ཞིང་། དགོངས་པ་གཏིང་ཟབ་པ། མི་སེམས་ལ་སྐུལ་ལྕག་ཐེབས་པ། འབད་འབུངས་ཡར་སྐུལ་བྱེད་པའི་ཚད་ལྡན་ཡིག་ཚགས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་བློ་སྟོབས་ཆེས་ཆེར་འཕེལ་ངེས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ནས། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། རྒྱ་ཁྱབ་ངང་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས།
ཀྲང་ཆིང་ལིས་ནན་གྱིས་བསྟན་དོན། མིག་སྔར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་། ཀྲུང་གོ་མི་དམངས་སྤོབས་པ་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་མི་རེ་རེར་རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཡོད་པར་ང་རྒྱལ་དང་སྤོབས་པ་སྐྱེ་དགོས། ང་ཚོས་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལྕགས་ཕག་ལོའི་གསར་བརྗེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་ཤུགས་རྒྱབ་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ཐུན་མོང་དུ་འབད་འཐབ་བྱ་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་དང་ཧི་ཧོའུ་ཧྭ། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། སུའུ་ཧུའེ། ཀྲེང་ཅན་པང་དང་གདན་ཞུས་ལྟར་པེ་ཅིང་དུ་ཕེབས་ཏེ། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་ནང་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་འབྲེལ་ཡོད་མི་སྣ་སྣེ་ལེན་ཚོགས་འདུར་ཞུགས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཝང་དབྱང་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།