ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་དང་རྡོ་སོལ་སོགས་མཁོ་སྤྲོད་ལ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་དང་རྡོ་སོལ་སོགས་མཁོ་སྤྲོད་ལ་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས8ཉིན། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་དང་རྡོ་སོལ་སོགས་མཁོ་སྤྲོད་ལ་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་འཆམ་བྱུང་།

 ཚོགས་འདུས་བསྟན་དོན། ད་ལོ་ཚུན་དུ་རྒྱལ་སྤྱིའི་ཁྲོམ་རའི་ནུས་རྒྱུའི་རིན་གོང་ཆེས་ཆེར་འཕར་བ་དང་། རྒྱལ་ནང་གི་གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་མུ་མཐུད་དུ་ཇེ་དམ་དུ་ཕྱིན་ལ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཉེ་དུས་ས་གནས་ཁག་ཅིག་ཏུ་གློག་བཀག་ཚད་བཀག་བྱས་ནས། རྒྱུན་གཏན་གྱི་དཔལ་འབྱོར་འཁོར་སྐྱོད་དང་སྡོད་མིའི་འཚོ་བར་ཤུགས་རྐྱེན་བཟོས་ཡོད། འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་ནས། བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཡོད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་ཀྱི་གནོན་ཤུགས་སྔར་བཞིན་ཅུང་ཆེ་བའི་གནས་ཚུལ་ལ་དམིགས་ཏེ། ཚོགས་འདུས་ནུས་རྒྱུ་བདེ་འཇགས་ལ་འགན་ལེན་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་ཡོང་བར་འགན་ལེན་བྱ་རྒྱུ་ནི“འགན་ལེན་དྲུག”གི་ནང་དོན་གལ་ཆེན་ཞིག་ཡིན་པས། རྡོ་སོལ་དང་གློག རྡོ་སྣུམ། སོལ་རླངས་བཅས་སྐྱེལ་འདྲེན་གྱི་འགན་ལེན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྲོམ་ར་ཅན་གྱི་བྱེད་ཐབས་དང་སྒྱུར་བཅོས་བྱེད་ཐབས་ནུས་ལྡན་སྤྱད་དེ། གློག་ཤུགས་དང་རྡོ་སོལ་སོགས་མཁོ་སྤྲོད་ལ་ཁག་ཐེག་བྱེད་དགོས།

གཅིག་ནས། དམངས་འཚོ་སྔོན་འགྲོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཚོ་བ་དང་དགུན་དུས་དྲོད་ལེན་གྱི་ནུས་པར་འགན་ལེན་ཡག་པོ་བྱས་ནས། གློག་གཏོང་དྲོད་འདོན་བྱེད་པར་རྡོ་སོལ་བཀོལ་པ་དང་། ལྷག་པར་དུ་བྱང་ཤར་ས་ཁུལ་གྱིས་དགུན་ཁར་རྡོ་སོལ་སྤྱོད་པར་འགན་ལེན་བྱེད་དགོས། དམངས་འཚོར་སྤྱོད་པའི་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ“ལྷོ་རླངས་བྱང་འདྲེན”རྩ་འཛུགས་བྱས་ཏེ། བྱང་ཕྱོགས་ས་ཁུལ་གྱི་དྲོད་རླངས་སྤྱོད་ཤུགས་ཆེ་རུ་གཏོང་དགོས། 

གཉིས་ནས། བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་འཕར་གྱི་རྟིང་ཤུགས་ལྡན་པའི་སོལ་གཏེར་གྱི་ཐོན་ནུས་གང་མགྱོགས་ངང་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། གང་མགྱོགས་སྒོས་ཞིབ་བཤེར་ཆོག་མཆན་ཐོབ་ཟིན་ལ། གཞི་རྩའི་ཆ་ནས་བསྐྲུན་ཟིན་པའི་མཐོངས་ཡངས་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་བྱེད་མགོ་བཙུགས་ནས་ཐོན་སྐྱེད་ཚད་ལོན་པར་བྱེད་དགོས། ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་བཞིན་པའི་རྡོ་སོལ་གཏེར་ཁས་སྒྲིག་ཁྲིམས་ལྟར་བཅོས་སྒྲིག་བྱས་ནས། གང་མགྱོགས་ངང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་དམིགས་བསལ་སྒོས་རྡོ་སོལ་སྐྱེལ་འདྲེན་ལ་འགན་སྲུང་བྱས་ཏེ། ཐོན་སྐྱེད་བྱས་པའི་རྡོ་སོལ་དུས་ཐོག་ཏུ་དགོས་མཁོ་ཆེ་སར་སྐྱེལ་ཐུབ་པར་ཁག་ཐེག་ཏན་ཏིག་བྱེདདགོས།

གསུམ་ནས། རྡོ་སོལ་དང་གློག་འདོན་ཁེ་ལས་གྱིས་གློག་ཤུགས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རྡོ་སོལ་དང་གློག་འདོན་ཁེ་ལས་གྱི་དཀའ་ངལ་ལ་དམིགས་ཏེ། དུས་རིམ་རང་བཞིན་གྱི་ཁྲལ་བསྡུ་དུས་འགྱངས་སྲིད་ཇུས་ལག་བསྟར་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ལ་ཁྲིད་སྟོན་དང་བསྔགས་སྐུལ་བྱས་ནས། རྡོ་སོལ་དང་གློག་འདོན་ཁེ་ལས་ཀྱིས་རྡོ་སོལ་ཉོ་བ་སོགས་ལུགས་མཐུན་གྱི་མ་དངུལ་བསྡུ་རུབ་བྱེད་པའི་དགོས་མཁོར་འགན་སྲུང་བྱེད་དགོས།

བཞི་ནས། རྡོ་སོལ་དང་གློག་གི་རིན་གོང་ཚོང་ར་ཅན་དུ་འགྱུར་བའི་ནང་རྐྱེན་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། རྡོ་སོལ་གློག་གཏོང་གི་གློག་ཚང་མ་གློག་ཤུགས་ཁྲོམ་རར་གཏོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས་ནས། སྡོད་མི་དང་ཞིང་ལས། སྤྱི་ཕན་རང་བཞིན་གྱི་བྱ་གཞག་བཅས་ཀྱི་གློག་སྤྱོད་རིན་གོང་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ཁྲོམ་རའི་ཉོ་ཚོང་གློག་རིན་འཕར་ཆག་གི་ཁྱབ་ཁོངས་སོ་སོར10%དང15%ལས་བརྒལ་མི་ཆོག་ལ། རྩ་དོན་ཐོག20%ལས་བརྒལ་མི་ཆོག་པར་ལེགས་སྒྲིག་བྱས་ཤིང་། རིགས་དབྱེའི་སྙོམས་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ། ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཀྱིས་ཁྲོམ་རའི་ཉོ་ཚོང་རིན་གོང་དེ་འཕར་ཆག20%ཡི་ཚོད་འཛིན་མི་ཐེབས་པ་ཡིན། ས་གནས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་གི་གློག་ལ་དུས་རིམ་རང་བཞིན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ལྔ་ནས། བྱེ་ཐང་དང་གྲམ་ཐང་། མྱ་ངམ་ཐང་དུ་རླུང་གློག་དང་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འཕྲལ་སྡོམ་གྲབས་སྤྱོད་དང་མཐོ་གནོན་གློག་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། རྡོ་སོལ་དང་རང་བྱུང་སོལ་རླངས། མ་བཅོས་རྡོ་སྣུམ་གསོག་འཇོག ནུས་གསོག་ནུས་པ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།

དྲུག་ནས། “མཐོ་བ་གཉིས”ཀྱི་རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ས་གནས་ཀྱི་ནུས་ཁུངས་ཟད་གྲོན་ཐད་ཚོད་འཛིན་གཉིས་ལྡན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སླར་ཆགས་ཐུབ་པའི་ནུས་ཁུངས་གསར་པའི་འཛད་སྤྱོད་དེ་དུས་ཚོད་ངེས་ཅན་ཞིག་ནང་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ནང་དུ་མི་འཇུག་པར་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་སུ་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྡོ་སོལ་ཟད་གྲོན་ཆེ་བའི་ལས་རིགས་གཙོ་བོར་རྡོ་སོལ་གྲོན་ཆུང་དང་བེད་སྤྱོད་ཤུགས་ཆེན་བྱེད་དགོས།

ཚོགས་འདུས་བླང་བྱ་འདོན་རྒྱུར། ཕྱོགས་སོ་སོའི་ནུས་རྒྱུ་མཁོ་འདོན་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཇེ་ནན་དུ་གཏོང་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས། ས་གནས་སོ་སོས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གློག་སྤྱོད་དོ་དམ་ཡག་པོ་བྱས་ཏེ། ས་ཆ་ཁག་ཅིག་ཏུ“དུམ་གཅོད”ཀྱིས་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་ཚོད་འཛིན་བྱེད་པའམ། ཡང་ན“འགུལ་སྐྱོད་རྣམ་པའི”ཐཱན་ཇེ་ཉུང་དུ་གཏོང་བ་ཡོ་བསྲང་བྱས་ནས། ལས་ཀ་མི་བྱེད་པ་དང་ལས་རྙོག་བཟོ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས། རྡོ་སོལ་ཐོན་སྐྱེད་བྱེད་པའི་ཞིང་ཆེན་གཙོ་བོ་དང་། རྡོ་སོལ་ཁེ་ལས་གཙོ་གནད་ཀྱིས་བླང་བྱ་ལྟར་ཐོན་འཕར་དང་མཁོ་སྤྲོད་འཕར་སྣོན་གྱི་ལས་འགན་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་གློག་འདོན་ཁེ་ལས་ཀྱིས་ཁོངས་གཏོགས་ཀྱི་མེ་ཤུགས་གློག་འདོན་འཕྲུལ་འཁོར་གང་ནུས་ཅི་ནུས་སྒོས་གཏོང་བར་འགན་ལེན་བྱེད་དགོས། གློག་དྲའི་ཁེ་ལས་ཀྱིས་གློག་ཤུགས་འཁོར་སྐྱོད་བཀོད་གཏོང་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནུས་ཁུངས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་མ་བྱས་པར་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།

ཚོགས་འདུས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་འཆམ་བྱུང་། འཆར་ཟིན་ནང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད། སྦགས་བཙོག་འགོག་བཅོས་སོགས་ཀྱི་ལམ་ལུགས་གཏན་འབེབས་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་འགལ་བྱེད་སྤྱོད་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འཁེལ་ནན་མོ་བྱས་ཡོད། ཚོགས་འདུས་འཆར་ཟིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་གཏན་འབེབས་བྱས། 

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས། །


རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།