ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་པེ་ཅིན་དུ་གཟབ་རྒྱས་ངང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ལས་རིགས་ཁག་གི་འཐུས་མི་རྣམས་དང་མཉམ་དུ་མཛད་སྒོར་ཞུགས།

དུས་ཚོད10པར་སླེབས་ལ་ཉེ་དུས། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ། མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོར་ཞུགས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་མོ་ཚོགས་པའི་དུང་ཆུང་འབུད་མཁན་གྱིས《སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་དུང་བརྡ》བུས་ཤིང་། གདངས་རིང་ཞིང་སྐད་སྒྲ་གསལ་བའི་རོལ་དབྱངས་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་མཚར་སྡུག་གི་ལོ་ཟླ་དབྱངས་སུ་བཀུག

ལོ་ངོ་བརྒྱ་ཕྲག་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་སྒོས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ། “བློ་སྤོབས་ལྡན་པའི་དཔའ་བོ་མང་པོ་ཡིས། ། གནམ་ས་བསྒྱུར་བའི་རླབས་ཆེན་བསྐྲུན་པར་སྤོབས། །”ཞེས་པའི་ཕངས་མེད་བློས་གཏོང་གི་དཔའ་ཉམས་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་སྟེང་དུ་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་རྩོམ་བྲིས་ཡོད།

བཀའ་བརྡ་དང་བསྟུན་ནས། དམག་གསུམ་གཟབ་སྦྲེང་དམག་མི60ཡིས་སྟོབས་དང་ལྡན་པའི་གོམ་སྟབས་བསྒྱུར་ཏེ། གོམ་འགྲོས་མཉམ་སྤོས་ཀྱིས་དྲན་གསོའི་རྡོ་རིང་གི་མདུན་དུ་སླེབས་པ་དང་མེ་མདའ་བཟུང་ནས་ཀྲོང་ངེར་འགྱིང་འདུག

དུས་ཚོད10ཡི་སྟེང་དུ། མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས་བྱུང་། དམག་མིའི་རོལ་མོ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》འབུད་དཀྲོལ་བྱས་ཤིང་། ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དབྱངས་ལ་བཀུག

རྒྱལ་གླུ་བླངས་ཚར་རྗེས། ཚང་མ་གུས་སྟབས་ཀྱིས་ལངས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་གྱི་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ཐད་དུ་རང་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

མྱ་ངན་ཞུས་ཚར་རྗེས། ལག་ཏུ་མེ་ཏོག་བཟུང་བའི་ན་ཆུང་བྱིས་པ་རྣམས་ཀྱིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ཏེ་སྐད་གསང་མཐོན་པོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པ་གླུ་རུ་བླངས་ཤིང་། ན་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས།

གྲལ་སྟར་གྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཞིང་མཉམ་འབྲེལ་དང་ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས། དམག་མི་རྒན་པ་དང་བློ་མཐུན་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཉེ་འབྲེལ། ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་མེ་ཏོག་གི་སླེའུ་ཆེན་པོ9ཕྲེང་སྟར་གྱིས་བསྒྲིགས་ཤིང་། མེ་ཏོག་སླེའུའི་ཐོག་གི་གོས་ལིང་དམར་པོའི་སྟེང་དུ“མི་དམངས་དཔའ་བོ་བསྐལ་པའི་བར་དུ་ནུབ་མི་སྲིད”ཅེས་པའི་ཡིག་འབྲུ་འགའ་འོད་མདངས་ལམ་མེར་འདུག

དམག་མིའི་རོལ་མོ་ཚོགས་པས་བརྩེ་བས་ཕྱུག་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་བ་ན། གུས་ཞབས་དམག་མི18ཀྱིས་མེ་ཏོག་གི་སླེའུ་བརྟན་པོར་བཏེགས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ཕྱོགས་སུ་དལ་གྱིས་བསྐྱོད་དེ།མེ་ཏོག་གི་སླེའུ་དྲན་གསོའི་རྡོ་རིང་གི་ཐེམ་པའི་སྟེང་དུ་བཞག

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་དྲན་གསོའི་རྡོ་རིང་གི་ཐེམ་པའི་སྟེང་དུ་འཛེགས་ཏེ། མེ་ཏོག་གི་སླེའུ་མདུན་དུ་འགྲེངས་ནས་ཞིབ་མོར་གཟིགས།

ཞི་ཅིན་ཕིང་གིས་གོམ་པ་མདུན་དུ་སྤོས་ནས་མེ་ཏོག་གི་སླེའུར་བཏགས་པའི་གོས་ལིང་དྲང་མོར་བསྲིངས། དེའི་རྗེས་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་དལ་གྱིས་བསྐོར་བ་རྒྱག་ཞོར་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མཇལ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས། བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་བཅད། ད་ལྟ་ང་ཚོ་སྤོབས་པ་ཆེན་པོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔའ་ཉམས་ཀྱིས་སྐྱོད་བཞིན་ཡོད།

ན་ཆུང་བྱིས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་རྣམས་རིམ་པ་ལྟར་དྲན་གསོའི་རྡོ་རིང་གི་མདུན་དུ་སོང་སྟེ། མེ་ཏོག་ཕུལ་བར་མ་ཟད་དྲན་གསོའི་རྡོ་རིང་ལ་མཇལ།

མེ་ཏོག་གི་སླེའུ་འབུལ་བའི་མཛད་སྒོ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས་མགོ་འཛིན་མཛད།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན་ཁ་ཤས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཁ་ཤས་བཅས་མཛད་སྒོ་ལ་ཞུགས།

ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིན་གྲོང་ཁྱེར་གྱི་གཙོ་འགན་ཁུར་པའི་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིན་དུ་ཡོད་པའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཉེ་མིའི་འཐུས་མི། པེ་ཅིན་དུ་ཡོད་པའི་བྱས་རྗེས་དང་གཟི་བརྗིད་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་པྲོག་གསར་རིམས་ནད་གློ་ཚད་ལ་འགོག་རྒོལ་བྱེད་མཁན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་སའི་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།