ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོ། རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་སོ་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན། སྐྱེ་དངོས་བདེ་འཇགས་ནི་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་སྤྱིའི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་ཆགས་སྟངས་བསྐྱར་སྐྲུན་ལ་ཤུགས་རྐྱེན་བཟོ་ནུས་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། གནས་སྟངས་གསར་པའི་འོག་གི་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་གོ་བ་ཟབ་མོ་བླངས་ནས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་དངོས་འབེབས་ནན་མོ་བྱེད་པ་དང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་དངོས་འབེབས་མཐར་ཕྱིན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མི་གཞི་རྩར་འཛིན་པ་དང་ཉེན་ཁ་སྔོན་འགོག་བྱེད་པ། རིགས་དབྱེའི་དོ་དམ། མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་ཆོས་ཉིད་རྩ་དོན་གཞིར་བཟུང་ནས། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་སྡོམ་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་བ་བརྒྱུད། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས།

ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི། ཀྲུང་གོ་ཞིང་ལས་ཚན་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཝུའུ་ཁུང་མེན་གྱིས་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་གྱི་གནད་དོན་ལ་སྒྲོག་འགྲེལ་བྱས་ནས་དེ་འབྲེལ་གྱི་བྱ་བའི་བསམ་འཆར་བཏོན།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་བྱ་བ་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་ཁྲོད་ཚུད་པར་བྱས་པ་དང་། སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་སྲིད་ཇུས་དང་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་འཐབ་ཇུས་རིམ་པར་བཏོན་ཏེ། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་བྱ་བའི་རྩ་འཛུགས་འགོ་ཁྲིད་ཀྱི་སྒྲིག་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ཅི་རིགས་ལ་ཁ་གཏད་གང་ལེགས་འཇལ་བ། སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་བསྣན་པ། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་ཐུན་མོང་སྟོབས་ཤུགས་ལ་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་སྡོམ་བྱས་པར་བརྟེན། རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་སྔོན་འགོག་འདུ་ཤེས་དང་འགོག་སྲུང་ནུས་པ་མངོན་སུམ་ཇེ་མཐོར་ཕྱིན་པ་དང་སྐྱེ་དངོས་བདེ་འཇགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་བར་མ་ཟད། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་དུས་ཡུན་རིང་བོར་འབད་འབུངས་བྱེད་དགོས་པའི་འོས་འགན་ལྕི་མོ་ཞིག་ཡིན་པས། ལས་དོན་དེར་ལྷོད་མི་རུང་བའི་སྟོབས་ཤུགས་འཛད་མེད་དང་རྨང་རྐང་བརྟན་པོའི་སྐུལ་འདེད་མཁོ་བ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློའི་ངོས་ཟིན་དང་ལག་ལེན་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་དོན་ལྡན་ཡོང་བར་བྱེད་པ་དང་། སྐྱེ་དངོས་བདེ་འཇགས་བྱ་བའི་འོས་འགན་དངོས་འབེབས་དོན་ལྡན་བྱེད་པ། ས་སྲུང་གི་འགན་འཁྲི་ལྡན་ལ་ས་སྲུང་གི་འགན་འཁྲི་འཁུར་ཐུབ་པར་འབད་དགོས། མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུ་དང་སྲིད་ཇུས་བྱེད་ཕྱོགས་འཐུས་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་གནད་སར་བཟུང་ནས། བདེན་འཛིན་དང་དངོས་གཉེར། ཞིབ་ཚགས་བཅས་ཀྱི་སྒོ་ནས་ས་ཕན་འབྲས་ཐོབ་ཐུབ་བྱས་ཏེ། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་སྡོམ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་གྱི་ཚུ་ཆུད་མངོན་སུམ་ཇེ་མཐོར་གཏོང་དགོས་པར་མ་ཟད། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་རང་རྟོགས་དབང་ཆ་དམ་པོར་འཛིན་དགོས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་་བྱེད་པ། འབད་འབུངས་བྱེད་འདོད་མེད་པ་དང་སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་བློ་བཅས་རིང་དུ་འདོར་བ། ལས་རིམ་ཁག་སོ་སོའི་འགོག་སྡོམ་བྱེད་ཕྱོགས་གཟབ་ནན་ཞིབ་ཚགས་ངང་སྤེལ་བར་སྒོ་ཀུན་ནས་འབད་དེ། ལས་སླ་མོར་བྱུང་བ་མ་ཡིན་པའི་རིམས་ནད་འགོག་སྡོམ་གྲུབ་འབྲས་བརྟན་སྲུང་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།