བརྩམས་ཆོས18ལ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་ཐོབ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའི་མཛད་སྒོ་དེ་ཚེས28ཉིན་གྱི་དགོང་མོར་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་ནས་སྤེལ་བ་དང་། ཤྭ་བོ་འདུལ་བའི་ཁག་དྲུག་པ་དང་སློབ་གྲྭ་འགྲིམ་པ་སོགས་བརྩམས་ཆོས18ལ་བྱ་དགའ་ཐོབ། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གི་བརྗོད་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་པས། རང་རྒྱལ་བྱིས་པའི་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ཀྱི་གནས་བབ་མཚོན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས18ནི་དཔྱད་འདེམས་པས་ལྟ་ཀློག་དང་དཔྱད་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། བརྩམས་ཆོས636ནང་དཔྱད་འདེམས་ཐེངས་ལྔ་བྱས་ཏེ་བདམས་པ་ཡིན། བརྩམས་ཆོས་འདི་དག་ནང་བརྩམས་སྒྲུང7དང་བྱིས་སྒྲུང4། བྱིས་པའི་རྩོམ་རིག2། ཚན་རྟོག་རྩོམ་རིག2། སྙན་ངག1། ལྷུག་རྩོམ1། ན་གཞོན་རྩོམ་པ་པོའི་རྩོམ་ཐུང་ལེགས་གྲས1བཅས་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས་ཕལ་ཆེ་བས་དུས་རབས་གསར་བའི་འཚོ་བ་གསར་བ་དང་རྣམ་པ་གསར་བར་དམིགས་ཏེ། དུས་རབས་གསར་བའི་ན་གཞོན་བྱིས་པའི་ཉིན་རེར་འགྱུར་ལྡོག་འགྲོ་བཞིན་པའི་འཚོ་བའི་རྣམ་པ་དང་འབད་འབུངས་ཧུར་བརྩོན་གྱི་བསམ་པའི་རྣམ་པ་བྲིས་ནས། རྩོམ་པ་པོ་རྣམས་ཀྱིས་སྒྱུ་རྩལ་གྱི་ལམ་བུའི་སྟེང་གི་འཚོལ་ཞིབ་དང་གསར་སྐྲུན་མངོན་པར་བྱས་ལ། དུས་རབས་གསར་བའི་བྱིས་པའི་རྩོམ་རིག་གསར་རྩོམ་གྱི་སྐྱེ་སྟོབས་དང་གསོན་ཤུགས་མཚོན་པར་བྱས་ཡོད།

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་སུན་གྱིས་བསྟན་དོན། བྱ་དགའ་ཐོབ་པའི་བརྩམས་ཆོས་འདི་དག་གིས་ཀྲུང་གོའི་བྱིས་པའི་རྩོམ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་དང་། ན་གཞོན་བྱིས་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱིས་པའི་རྩོམ་རིག་གི་སྤྱི་ཚོགས་མཚན་སྙན་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ལེགས་པོ་ཐོན་ཐུབ།

རྒྱུས་ལོན་པ་ལྟར་ན། 1986ལོར་བཙུགས་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཤིག་ཡིན་ལ། རང་རྒྱལ་གྱི་བྱིས་པའི་རྩོམ་རིག་གསར་རྩོམ་གྱི་ཆེས་མཐོ་བའི་མཚན་སྙན་ཡིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།