ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་དབྱང་ཅུན་ལ“རྒྱལ་ཡོངས་ཁྲིམས་དཔོན་དཔེ་ལེགས”ཀྱི་མཚན་སྙན་རྗེས་སྤྲོད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཚེས28ཉིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་པ་ལྟར་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེ་ལམ་མཉམ་འབྲེལ་ཐག་གཅོད་བགྲམས་ཏེ། ཧུའུ་པེ་ཞིང་ཆེན་ཅིང་ཀྲུའུ་གྲོང་ཁྱེར་ཧྲ་ཧྲི་ཆུས་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་བློ་མཐུན་དབྱང་ཅུན་ལ“རྒྱལ་ཡོངས་ཁྲིམས་དཔོན་དཔེ་ལེགས”ཀྱི་མཚན་སྙན་རྗེས་སྤྲོད་གནང་། 

ངོ་སྤྲོད་ལྟར་ན། བློ་མཐུན་དབྱང་ཅུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་ལ། སྐུ་བཞུགས་དུས་ཧུའུ་པེ་ཞིང་ཆེན་ཅིང་ཀྲུའུ་གྲོང་ཁྱེར་ཧྲ་ཧྲི་ཆུས་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཐག་གཅོད་ཐིང་གི་ཐིང་ཀྲང་དང་། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཡིན། 2020ལོའི་ཟླ7པར་བྱ་བའི་ཁྲོད་གློ་བུར་དུ་ནད་བྱུང་ཞིང་། མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་གཞུང་དོན་ལ་ཚེ་ལས་འདས་པས་ལོ52ཡིན། 

ཐག་གཅོད་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ལས་འགན་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། འདྲི་གཅོད་འགན་ནུས་ཀྱི་བྱེད་ནུས་གང་ལེགས་ཀྱིས་བཏོན་པས། ཀུན་སྤྱོད་གཙང་ཞིང་ལས་འབྲས་འབུར་དུ་ཐོན་པའི་སྔོན་ཐོན་དཔེ་བཟང་སྐོར་ཅིག་ཐོན། བློ་མཐུན་དབྱང་ཅུན་ནི་དེ་དག་གི་ཕུལ་བྱུང་འཐུས་ཚབ་པ་རེད། ཁོ་རང་བློ་དཀར་ཞིང་འགན་འཁྲི་ཐེག་པ། ལེགས་སྐྱེས་འབུལ་བར་ཡིད་རང་པ། འཇོན་ནུས་འབུར་དུ་ཐོན་པ། བྱས་རྗེས་ཀྱིས་མི་སེམས་འགུག་པ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་ལེན་དུ་འདེབས་པའི་ཏང་ཡོན་ཕུལ་བྱུང་ཞིག་ཡིན་ལ། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་བྱ་བའི་ཁྲོད་དུ་ཐོན་པའི་འཐུས་ཚབ་གཙོ་བོ་ཞིག་ཀྱང་ཡིན། 

ཐག་གཅོད་ལས་རྒྱལ་ཡོངས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཁྱོན་ཡོངས་ནས་བློ་མཐུན་དབྱང་ཅུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་ནས། ལས་བྱེད་དང་ཉེན་རྟོག་པས་སྔོན་ཐོན་དཔེ་བཟང་མིག་དཔེར་འཛིན་པར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་བཏང་ནས། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས་ལ། ནུས་ཤུགས་ཆེན་པོས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། ཧུར་ཐག་གིས་ཏང་ཀྲུང་དབྱང་གི་ཏང་ཡོན་ཡོངས་བཏང་བའི་འབོད་སྐུལ་དང་ལེན་བྱས་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། བློ་རྩ་བརྟན་པོས་མདུན་སྐྱོད་དང་འབད་པ་ཆེན་པོས་ལེགས་སྐྱེས་ཕུལ་ནས། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་བྱ་བ་སྤུས་ཚད་མཐོ་བའིིིིིིིིིིིི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། མུ་མཐུད་དུ་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་བའི་རེ་སྨོན་མངོན་འགྱུར་བྱ་ཆེད་འབད་འབུངས་ཧུར་ཐག་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པར་འབོད་སྐུལ་བྱས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།