རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཞི་ཨན་ནས་མཇུག་བསྒྲིལ་བ་དང་ལིི་ཁེ་ཆང་མཇུག་བསྒྲིལ་བའི་མཛད་སྒོར་ཞུགས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཇུག་བསྒྲིལ་བའི་མཛད་སྒོ་ཞི་ཨན་ཨོ་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཞི་ཨན་ནས་མཇུག་བསྒྲིལ། 

དགོས་མོའི་ཆུ་ཚོད8ཀྱི་སྟེང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཇུག་བསྒྲིལ་མཛད་སྒོ་ཞི་ཨན་ཨོ་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་བསྒྲིལ་པ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་གླུ《འབྱུང་འགྱུར་ལ་སྙེགས་ནས་ལམ་ལ་ཆས》ཞེས་པའི་དབྱངས་རྟའི་ཁྲོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དལ་གྱིས་ཕབ་ནས་ཉིན13རིང་འབར་བའི་དཔལ་འབར་གཙོ་བོའང་མཉམ་དུ་རིམ་བཞིན་ཡལ།

སུང་ཁྲུང་ལན་དང་ཀྲང་ཁྲུང་ཞན། ཞའོ་ཅེ། ཀུའུ་ཧྲིན་ཙུའུ། ད་དུང་མིའོ་ཧྭ་བཅས་མཇུག་སྒྲིལ་ཚོགས་འདུར་ཞུགས། 

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་སུ། རང་རྒྱལ་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བགྲོད་ལམ་གསར་བར་སྐྱོད་པའི་མཚམས་ཚིགས་གལ་ཆེན་ཐོག་སྒྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་གྱིས2035ལོར་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་དང་བདེ་ཐང་ཀྲུང་གོ་སྐྲུན་པའི་འཆར་འགོད་བཏོན་རྗེས་སུ་སྒྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་གལ་ཆེན་ཞིག་ཀྱང་ཡིན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་་མཐའ་འཁྱོངས་བྱས་ཏེ། “དམངས་ཡོངས་ཀྱི་འགྲན་ཚོགས། དཔུང་གཤིབ་ཏེ་མཉམ་སྐྱོད”ཅེས་པའི་བརྗོད་དོན་འབུར་དུ་བཏོན་ཞིང་། ལུས་རྩལ་པས་འབད་འབུངས་ཧུར་ཐག་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས“འགན་འཁྲི་ཕྲག་ཏུ་ཁུར་ནས། འབད་འཐབ་ང་ཡིས་བྱེད”ཅེས་པའི་འགན་འཁྲི་འཁུར་བའི་བསམ་བློ་ར་སྤྲོད་བྱས་ལ། སྐབས་སྔོན་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བཅོས་བསྒྱུར་གསར་གཏོད་ཀྱི་ཉམས་མྱོང་གི་དཔེར་ལྟས་ནས། མུ་མཐུད་དུ་མང་ཚོགས་ཀྱི་འགྲན་ཞུགས་བྱེད་སྒོ་སྤེལ། གཙོ་འགན་འཁུར་མཁན་ཧྲའན་ཞི་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་ནས། ལུས་རྩལ་པར་དཔའ་ངར་འགྲན་ཞུགས་ཀྱི་གར་སྟེགས་བསྐྲུན་པ་དང་། རྒྱལ་ཡོངས་མི་དམངས་ལ་སྟབས་བདེ་ཞིང་བདེ་འཇགས་ཡིན་པ། ངོ་མཚར་ཆེ་བའི་ལུས་རྩལ་འགྲན་ཚོགས་ཆེན་མོ་ཞིག་ཕུལ་ཡོད། 

དགའ་སྤྲོའི་འདུ་འཛི་ཆེ་བའི་རྣམ་པའི་ཁྲོད། འགྲན་ཞུགས་འཐུས་ཚབ་ཚོགས་པ་སོ་སོ་འགྲན་རར་ཕེབས་ཤིང་། ཚོགས་ཞུགས་པ་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། 

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་དང་འགྲན་ཞུགས་དྲན་རྟེན་བྱ་དགའི་འཐུས་ཚབ་ཚོགས་པའི་མིང་ཐོ་སྒྲོག་འདོན་བྱས། 

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རེན་ནམ། ཧྲའན་ཞི་ཞིང་ཆེན་ཀྱི་ཧྲིན་ཀྲང་ཀྲའོ་དབྱི་ཏེ་ཡིས་གཏམ་བཤད་གནང་། ཁོང་གིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཞིབ་ཕྲའི་མཛུབ་སྟོན་འོག ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཡོངས་སུ་མཇུག་སྒྲིལ། དམངས་ཡོངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་རེ་བའི་མར་མེ་སྒྲོན་ཞིང་། ཕུགས་བསམ་གྱི་མེ་དཔོང་སྦར་ཏེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་སེམས་ཤུགས་གཅིག་སྒྲིལ་སྒོས་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གནང་ཡོད། ཧྲའན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། བསམ་བློ་བཅིངས་གྲོལ་དང་བཅོས་བསྒྱུར་གསར་གཏོད། ཡང་འབད་བསྐྱར་འབད་བྱས་ཏེ། ཧྲའན་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབད་པས་རྩོམ་རྒྱུ་ཡིན་ཟེར། 

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀོའུ་ཀྲུང་ཝུན་གྱིས་གཏམ་བཤད་གནང་། ཁོང་གིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟོབས་ལྡན་མགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཡོངས་སུ་མཇུག་སྒྲིལ་ཅིང་། ལུས་རྩལ་རྒྱུགས་འབྲས་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་གཉིས་ལྡན་བླངས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོའི་སྐོར་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས། ནུས་ཤུགས་ཡོད་རྒུས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་སྔར་ལས་ཆེ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར། 

མཇུག་སྒྲིལ་མཛད་སྒོའི་སྟེང་། ཀྲའོ་དབྱི་ཏེ་ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ཀོའུ་ཀྲུང་ཝུན་ལ་ཕྱིར་སྤྲད་པ་དང་། ཀོའུ་ཀྲུང་ཝུན་གྱིས་ཚོགས་དར་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགན་སྒྲུབ་སྡེ་ཁག་གི་འཐུས་ཚབ་སྟེ། ཀུང་ཏོང་ཞིང་ཆེན་གྱི་ཧྲིན་ཀྲང་མཱ་ཞིན་རུའེ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨུ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲིན་བཅས་ལ་སྤྲད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ2025ལོར་ཀུང་ཏོང་དང་ཞང་ཀང་། ཨའོ་མིན་བཅས་སུ་སྤེལ་རྒྱུ་རེད། 

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཟླ9པའི་ཚེས15ཉིན་ཞི་ཨན་དུ་མགོ་བརྩམས་ཤིང་། རྩལ་འགྲན་འགྲན་སྡུར་རྣམ་གྲངས35དང་། མང་ཚོགས་འགྲན་སྡུར་བྱེད་སྒོ19བཅས་བསྡོམས་པས་རྣམ་གྲངས་ཆུང་ངུ595སྤེལ་བ་དང་། ལུས་རྩལ་པ་ཁྲི1.2ལྷག་དང་མང་ཚོགས་ལུས་རྩལ་པ་ཁྲི1ལྷག་འགྲན་སྡུར་ལ་ཞུགས། མི9དང་རུ་ཁག1གིས་ཐེངས12ལ་འཛམ་གླིང་ཟིན་ཐོ12བརྒལ། མི1དང་རུ་ཁག1གིས་ཐེངས2ལ་ཡ་གླིང་གི་ཟིན་ཐོ2ལས་བརྒལ། མི15དང་རུ་ཁག7གྱིས་ཐེངས24ལ་རྒྱལ་ཡོངས་ཟིན་ཐོ24ལས་བརྒལ། 

མཇུག་སྒྲིལ་མཛད་སྒོའི་སྟེང་ད་དུང《ཕུགས་བསམ་ཀྱི་ཆེད་དུ་མདུན་སྐྱོད་བྱེད》ཅེས་པ་བརྗོད་བྱ་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།