ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ལིས་ལུན་ལ་གློག་འཕྲིན་བཏང་ནས་ཁོ་རང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ལིས་ལུན་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་དུས་སྐབས་ཤིག་ལ་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་མཉམ་འབྲེལ་བཟང་བོ་བྱས་ཤིང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པ་དང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད། ཏང་གཉིས་ཀྱིས་རྒྱང་རིང་ལ་དམིགས་ཤིང་ཐུན་མོང་གི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཀྱི་ལས་དོན་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་ལ། ཤུགས་ཆེན་པོས་མཉམ་ལས་བྱས་ནས་སྤུན་ཟླར་བདེ་སྐྱིད་སྐྲུན་པ་དང་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་ལ་བརྩོན་ལེན་བྱེད་པ། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་འབད་འཐབ་བྱེད་པ། མི་རིགས་ཀྱི་བསྐྱར་དར་ལ་ཇུས་གཞི་འགོད་པར་རེ་སྒུག་བྱས་ཡོད་ཟེར།

ཉིན་དེར། གསར་དུ་བདམས་པའི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལིས་ལུན་གྱིས་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་ནས་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ནི་མེས་པོ་ཡན་ཧོང་གཉིས་ཀྱི་རྒྱུད་པ་ཡིན་པས། ཕྱིན་ཆད་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་ཚུལ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་སྟེང་། ཕན་ཚུན་ལ་ཡིད་ཆེས་དང་མཉམ་བསྲེས་བྱེད་པར་ཤུགས་སྣོན་པ་དང་། བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ལ་མཉམ་དུ་བདེ་སྐྱིད་སྐྲུན་པ། མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་རེ་བ་བཅངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།