ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན་གྱི་སྔ་དྲོར། 2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་དབུ་ཚོགས་དངོས་སུ་འཚོགས་མགོ་བརྩམས།
ད་ལོའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་དེ——དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས”ཞེས་པ་དེ་ཡིན་ལ། དྲ་ཐོག་དང་ཡུལ་དངོས་ཀྱི་འཐུས་མི2000ལྷག་ཚོགས་འདུར་ཞུགས་ཡོད་ཅིང་། སོ་སོ་རྒྱལ་ཁབ་དང་ས་ཁུལ80ལྷག་ནས་ཡོང་བ་ཡིན། དེ་དག་གི་ཁྲོད་ཕྱི་རྒྱལ་སྲིད་གཞུང་ལས་ཁུངས་དང་ཀྲུང་གོ་རུ་བཅའ་སྡོད་གཞུང་ཚབ་ཁང་གི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མིང་གྲགས་ལྡན་པའི་ཁེ་ལས་ཀྱི་འཐུས་མི་བཅུ་ཕྲག་འགའ་འདུས་ཡོད།
ཚོགས་ཆེན་ལ་བསྡོམས་པས་ཡན་ལག་གླེང་སྟེགས20བཀོད་སྒྲིག་བྱས་ཡོད་ཅིང་། ཁེ་ལས་པའི་མཐོ་རིམ་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”འཕྲིན་སྦྲེལ་དྲ་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། འཕྲིན་སྦྲེལ་དྲ་བའི་རྒྱལ་སྤྱིའི་རྩེར་སོན་བློ་མཛོད་གླེང་སྟེགས་དང་དྲ་རྒྱའི་བར་སྣང་གི་རྒྱལ་སྤྱིའི་སྒྲིག་སྲོལ་གླེང་སྟེགས་སོགས་སྲོལ་རྒྱུན་ཁྱད་ལྡན་གླེང་སྟེགས་སྤེལ་བའི་རྨང་གཞིའི་སྟེང་། ད་ལོར་ད་དུང5Gདང་མི་ཐབས་རིག་ནུས། གཞི་གྲངས་དང་རྩི་སྟངས་སོགས་དྲ་རྒྱའི་ལག་རྩལ་གྱི་འཕེལ་ཕྱོགས་གསར་བར་དམིགས་ཡོད་པ་རེད།
ཚོགས་ཆེན་སྐབས་སུ་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་སྔོན་ཐོན་གྱི་གྲུབ་འབྲས་ཁྱབ་བསྒྲགས་དང“འཕྲིན་སྦྲེལ་དྲ་བའི་འོད་སྣང”དངོས་མང་སྟོན་ཚོགས། “ཐད་ཀར་ཝུའུ་ཀྲིན་དུ་ཐོན་པའི”འཛམ་གླིང་ཡོངས་ཀྱི་འཕྲིན་སྦྲེལ་དྲ་བའི་འགྲན་བསྡུར་ཆེན་མོ་བཅས་ཀྱི་བྱ་འགུལ་ཆེན་པོ་གསུམ་སྤེལ་ཏེ། འཕྲིན་སྦྲེལ་དྲ་བའི་རྩེར་སོན་གྲུབ་འབྲས་འགྲེམ་སྟོན་བྱེད་པར་སྟེགས་བུ་འདོན་སྤྲོད་བྱ་རྒྱུ་རེད།
ད་ལོར་ཚོགས་ཆེན་གྱིས་མུ་མཐུད་དུ《ཀྲུང་གོའི་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2021》དང《འཛམ་གླིང་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2021》ཡི་རྒྱབ་ཤ་སྔོན་པོའི་དེབ་ཁྱབ་བསྒྲགས་བྱ་རྒྱུ་རེད།
ཐེངས་འདིའི་ཚོགས་ཆེན་ནི་རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་པ་ཡིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་དབུ་ཚོགས་དངོས་སུ་འཚོགས་མགོ་བརྩམས།