ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2021ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་དུ་ལོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་འབྱུང་ཚད་ཇེ་མགྱོགས་སུ་འགྲོ་ཞིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཐད་ཛ་དྲག་གི་འགྲན་རྩོད་ལྷགས་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་སྒོ་འབྱེད་དང་མཉམ་འབྲེལ་བྱེད་དགོས་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་ལམ་དང་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ལ། མཉམ་དུ་དུས་རབས་ཀྱི་འགྲན་རྩོད་ལ་གདོང་གཏད་དེ་མཉམ་དུ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་རླབས་ཆེའི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་གི་འཛམ་གླིང་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་གོ་ལ་ཧྲིལ་པོའི་མཐོང་རྒྱ་དགོས་པ་དང་། དུས་རབས་ཀྱི་ཁྲག་རྩ་ཁོང་དུ་ཆུད་པར་བྱས་ཏེ། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བས་བཏོན་པའི་བླང་བྱ་གསར་པ་དང་དམ་དུ་སྦྲེལ་དགོས། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་མཉམ་ལས་ལ་སྐུལ་འདེད་བྱེད་པར་གཞོལ་ནས། སྔར་བས་སྒོ་འབྱེད་པའི་རྣམ་འགྱུར་གྱིས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱར་ཧུར་ཐག་གིས་ཞུགས་པ། མཉམ་དུ་གཞི་རྩའི་ཞིབ་འཇུག་ལ་སྐུལ་སྤེལ། ཚན་རྩལ་གྲུབ་འབྲས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་པ།  ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྩེ་གྲ་ཡིན་པའི་གསར་སྐྲུན་སྐྱེ་ཁམས་འཛུགས་སྒྲུབ་དང་། ཚན་རྩལ་ཡར་སྐུལ་གྱི་འདུ་ཤེས་གསར་སྐྲུན། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་བཟང་བའི་སྒོ་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོན་སྡེ་བ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་པོ་ཡིན་ཞིང་། ཀྲུང་གོན་སྡེ་བའི་གླེང་སྟེགས་ནི་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་བརྗེ་རེས། མཉམ་ལས་བཅས་བྱེད་པའི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཞིག་ཡིན། ཀྲུང་གོས་ཀྲུང་གོན་སྡེ་བས་སྐོར་ཐེངས་གསར་པའི་སྔོན་སྐྱོད་ཚོད་ལྟའི་བཅོས་བསྒྱུར་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་གི་སྔོན་ཐོན་ཡིན་པའི་ཚན་རྩལ་ར་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་བརྗེ་རེས། མཉམ་ལས་བཅས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུ།

  2021ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་དེ་ཉིན་དེར་པེ་ཅིན་ནས་མགོ་བརྩམས་ཤིང་། བརྗོད་གཞི་གཙོ་བོ་ནི“བློ་གྲོས། བདེ་ཐང་། ཐཱན་སྙོམས་འཛིན།”བཅས་ཡིན་ལ། ཚན་རིག་ལག་རྩལ་པུའུ་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།