ཞི་ཅིན་ཕིང་གིས2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་དབུ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་དབུ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། གྲངས་ཀའི་ལག་རྩལ་གྱིས་འདུ་ཤེས་གསར་བ་དང་ལས་རྣམ་གསར་བ། རྣམ་པ་གསར་བ་བཅས་ལ་བརྟེན་ནས་མིའི་རིགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཁྱབ་ཁོངས་སོ་སོ་དང་ལས་རིམ་ཡོངས་ལ་ཁྱབ་ཏེ། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་གོ་ལ་ཧྲིལ་བོའི་རིམས་ནད་ཀྱི་དབང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་མཉམ་དུ་སྦྲེལ་ཏེ། ཆ་འཕྲིན་ཅན་དང་གྲངས་འཛིན་ཅན། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་འགྲོས་དང་བསྟུན་ནས་གོ་སྐབས་དམ་འཛིན་བྱས་ཏེ་འགྲན་སློང་ཡོད་ཚད་ལ་ཁ་གཏོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མཉམ་དུ་མིའི་རིགས་མདུན་དུ་སྐྱོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་ལ་སྐུལ་སྤེལ་དང་། གྲངས་འཛིན་སྲིད་གཞུང་གི་ཕྱོད་ནུས་ཆེ་རུ་གཏོང་བ། གྲངས་འཛིན་སྤྱི་ཚོགས་ཁོར་ཡུག་ལེགས་བཅོས། གྲངས་འཛིན་མཉམ་ལས་རྣམ་པ་སྒྲིག་འཛུགས། གྲངས་འཛིན་བདེ་འཇགས་འགོག་ཡོལ་འཛུགས་སྐྱོང་བཅས་བྱས་ཏེ། གྲངས་འཛིན་དཔལ་ཡོན་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བྱ་དགོས།

2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་དབུ་ཚོགས་དེ་ཀྲེ་ཅང་ཞིང་ཆེན་ཐུང་ཞང་གྲོང་ཁྱེར་གྱི་ཝུའུ་ཀྲིན་དུ་འཚོགས་མགོ་ཚུགས་ཤིང་། ཐེངས་འདིའི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་དེ——དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་དེ་ཡིན་ལ། རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།