ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་ཀོན་ཚུན་གྱི་གླེང་སྟེགས་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ2021ལོའི་ཀྲུང་ཀོན་ཚུན་གྱི་གླེང་སྟེགས་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་གི་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགལ་རྐྱེན་རྒྱ་ཁྱབ་ངང་ཆེ་རུ་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ལས་དོན་འགྲན་རྩོད་དྲག་པོ་དང་འཕྲད་ཡོད་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐུན་མོང་ཐོག་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་པའི་བརྒྱུད་ལམ་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས། མཉམ་དུ་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དང་། མཉམ་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་འཛམ་གླིང་ལ་ཆ་མཚོན་ནས་བཤད་ན། ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བར་ཅིས་ཀྱང་འཛམ་གླིང་གི་མིག་རྒྱང་དགོས་པ་དང་དུས་རབས་ཀྱི་འཕར་རྩར་ལག་སྙོབ་བྱེད་ཐུབ་དགོས་པ་ལས་གཞན། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བས་བཏོན་པའི་བླང་བྱ་གསར་པ་ལ་དམ་པོར་དམིགས་ཐུབ་དགོས། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་དང་འཛམ་གླིང་གི་ཚན་རྩལ་གསར་གཏོད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། སྔར་ལས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་ལ་ཤུགས་སྣོན་དང་འཛམ་གླིང་གི་དྲ་རྒྱ་གསར་གཏོད་ལ་འབད་པས་ཞུགས་པ། ཐུན་མོང་ངང་གཞི་རིམ་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་པ། ཤེས་བྱའི་ཐོན་དབང་གི་འགན་སྲུང་ལ་ཤུགས་སྣོན་པ། རིམ་པ་མཐོ་བའི་གསར་གཏོད་སྐྱེ་ཁམས་བསྐྲུན་རྒྱུ་དང་ཚན་རྩལ་དགེ་སྒྲུབ་ཀྱི་འདུ་ཤེས་འཛུགས་པ། འཛམ་གླིང་གི་ཚན་རྩལ་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་ལ་འབད་མཐར། མིའི་རིགས་ལ་བདེ་སྐྱིད་ཆེན་པོ་སྟེར་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཀོན་ཚུན་ནི་ཀྲུང་གོའི་རྒྱལ་ཁབ་རང་བདག་གསར་གཏོད་ཀྱི་དཔེ་སྟོན་ས་ཁུལ་ཐོག་མ་ཡིན་པ་དང་། ཀྲུང་ཀོན་ཚུན་གླེང་སྟེགས་ནི་འཛམ་གླིང་གི་ཚན་རྩལ་གསར་གཏོད་བརྗེ་རེས་མཉམ་ལས་ལ་ཁ་ཕྱོགས་པའི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཞིག་ཡིན། ཀྲུང་གོས་ཀྲུང་ཀོན་ཚུན་དུ་སྔོན་སྐྱོད་སྔོན་དུ་ཚོད་ལྟ་བྱེད་རུང་བའི་བཅོས་སྒྱུར་རིམ་པར་སྤེལ་རྒྱུ་དང་། འཛམ་གླིང་གི་ཚན་རྩལ་གླིང་ཁུལ་སྔོན་གྲས་མགྱོགས་མྱུར་ངང་བསྐྲུན་ནས། འཛམ་གླིང་གི་ཚན་རྩལ་གསར་གཏོད་བརྗེ་རེས་མཉམ་ལས་ལ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ནི་ཚེས24ཉིན་པེ་ཅིང་དུ་དངོས་སུ་སྤེལ་བ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་ཤེས་རབ་དང་བདེ་ཐང་། ཐཱན་བཏང་སྙོམས་བཅས་ཡིན། ཚན་རིག་ལག་རྩལ་པུའུ་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་ཐེངས་འདིའི་གླེང་སྟེགས་སྤེལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།