ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ་ཁྲི14.6ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེ་ཆར། ཀན་ཀྲོའུ་ནས་ཧྲེན་ཀྲིན་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་སྒྲིག་ཚོད་ལྟའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། “མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་གྱི་ཁྱབ་འགྱེད་ཆེན་པོའི་སྐུལ་ཁྲིད་འོག ཅང་ཞིའི་ལྷོ་རྒྱུད་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡོད་ངེས་རེད། ”ཀན་ཧྲེན་མྱུར་བགྲོད་ལྕགས་ལམ་ཅང་ཞིའི་ལམ་དུམ་གྱི་འཛུགས་སྐྲུན་ལས་ཁུངས་སམ། ཁྲང་ཅིའུ་གྲོང་ཁྱེར་བར་གྱི་ལྕགས་ལམ་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲང་ཧན་ཏུང་གིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད། སྤྱིའི་རིང་ཚད་ལ་སྤྱི་ལེ436.37ཡོད་པའི་ཅང་ཞིའི་མྱུར་བགྲོད་ལྕགས་ལམ་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ350ཡིན་པར་འཆར་འགོད་བྱས་ཡོད། སྔོན་དཔག་ལྟར་ན། ད་ལོའི་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྗེས། ཀན་ཧྲེན་ས་ཁུལ་གཉིས་ཀྱི་ལྕགས་ལམ་ཤར་གཏོང་གི་དུས་ཚོད་དེ་ཆུ་ཚོད7ནས་ཆུ་ཚོད2རུ་ཇེ་ཐུང་དུ་འགྲོ་སྲིད། 

ཀན་ཧྲེན་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལྷག་རིང་། ཀྲུང་གོས་འཛམ་གླིང་སྟེང་གི་དེང་རབས་ཀྱི་ལྕགས་ལམ་དྲ་བ་དང་དར་རྒྱས་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་བསྐྲུན་ནས་འགྲོ་སྐྱོད་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

ལམ་གྱི་དྲ་བས་ཕྱོགས་བཞི་མཚམས་བརྒྱད་མཐུད་ནས་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཚད་འཛམ་གླིང་གི་ཨང་དང་པོ་ཡིན།

ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ། རང་རྒྱལ་གྱི་ལྕགས་ལམ་འཁོར་སྐྱོད་ཀྱི་ལམ་ཚད་སྤྱི་ལེ་ཁྲི2.2ཙམ་ལས་མེད། ལོ70ལྷག་རིང་། འབད་འབུངས་ཧུར་ཐག་གིས་ལྕགས་ལམ་འཛུགས་སྐྲུན་བྱས་ནས། ལྕགས་ལམ་དྲ་བའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། “འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དེ་དཔེ་རིས་ནས་དངོས་ཡོད་དུ་གྱུར་པ་དང་། ཀྲུང་གོའི་ལྕགས་ལམ་དེ་བྱང་གི་གྲམ་ཐང་ཆེན་མོའི་རླུང་ཁྲོད་དུ་རྒྱུ་ལ། ལྷོ་ཡི་སྒང་གཞོང་དུ་ཀྱོག་པོའི་ལ་མདོ་རུ་འཁྱུག བྱང་ཤར་ཁ་བ་གངས་ཀྱི་ཡུལ་དུ་རྒྱུགས་ཤིང་། གཙང་པོའི་ལྷ་རྒྱུད་ཀྱི་ཆུ་གཤོང་དུ་བགྲོད་་་་་་ 2020ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལྕགས་ལམ་འཁོར་སྐྱོད་ཀྱི་ལམ་ཐག་སྤྱི་ལེ་ཁྲི14.6ཟིན་པ་དང་། དེའི་ནང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་གི་ལམ་ཐག་སྤྱི་ལེ་ཁྲི3.8ཟིན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ5ཙམ་ཇེ་རིང་དུ་སླེབས་ཡོད་ལ། འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་འཁོར་སྐྱོད་ལམ་ཐག་གི2/3ཡན་ཟིན་ཡོད། 

སྐྱེལ་འདྲེན་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས་ལྕགས་ལམ་མེ་འཁོར“རྒྱལ་ཁབ་ཀྱི་མིང་བྱང”དུ་གྱུར་ཡོད། 

“མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་རྗེས། འགྲོ་འོང་ཧ་ཅང་སྟབས་བདེ་རེད” ཡུལ་སྐོར་བ་ཡུས་རུའེ་ཆིན་ནམ་རྒྱུན་དུ་པེ་ཅིང་དུ་འཚོ་བ་སྐྱེལ་གྱི་ཡོད་མོད། འོན་ཀྱང་གཅེན་གཅུང་མིང་སྲིང་ཚང་མ་ཀྲང་ཅ་ཁའུ་རུ་ཡོད། “སྔོན་ཆད་ཕྱི་ཤུབས་ལྗང་གུའི་མེ་འཁོར་ལ་ཆུ་ཚོད་དྲུག་བདུན་ཙམ་སྡོད་དགོས་ཀྱི་ཡོད། ད་ལྟ་ཆུ་ཚོད་གཅིག་ལས་འགོར་གྱིན་མེད། ”

ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱིས་རང་བརྟེན་འཛུགས་སྐྲུན་ལ་བརྟེན་ནས་འཛམ་གླིང་སྟེང་ས་བབ་མཐོ་ཤོས་ཀྱི་མཐོ་སྒང་ལྕགས་ལམ་དང་། འཛམ་གླིང་སྟེང་གི་སྐྱེལ་འདྲེན་ཐེག་ཚད་ཆེ་ཤོས་ཀྱི་ལྕི་ཐེག་ལྕགས་ལམ། འཛམ་གླིང་སྟེང་གི་བགྲོད་གཏོང་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་ཀྱི་རིག་ནུས་ལྕགས་ལམ་བཅས་བསྐྲུན་ཡོད། རང་རྟེན་ཤེས་བྱའི་བདག་དབང་ལྡན་པའི“བསྐྱར་དར་རྟགས་ཅན”གྱི་ཆེས་ཐུང་བའི་འཁོར་འགྲུལ་གཏོང་མཚམས་སྐར་མ3ཙམ་ཡིན། 2020ལོར། རང་རྒྱལ་གྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར22.03ཟིན་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་མི་དུང་ཕྱུར8266.19ཟིན་ཡོད། དེ་སོ་སོར་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་ལྡབ21དང་ལྡབ64ཟིན་པ་དང་། ལྕགས་ལམ་སྟེང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར45.52ཟིན་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་ལྡབ81ཡིན། 

ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པ། 

ཧོ་ནན་ལུའོ་དབྱང་གྲོང་ཁྱེར་ལོན་ཁྲོན་རྫོང་ཞིན་ནན་གྲོང་ཚོར། ལྕགས་ལམ་གྲོང་རྡལ་ཆུང་ངུ་དེ་རི་བོའི་འདབས་དང་ཆུ་བོའི་འགྲམ་ངོགས་སུ་ཆགས། མེ་འཁོར་བརྗོད་དོན་གཙོ་བོ་ཡིན་པའི་ཟ་ཁང་ལ་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། ལོན་ཁྲོན་རྫོང་གི་རྫོང་དཔོན་གཞོན་པ་ཀྲོའུ་ཧྲེང་ཀྲན་གྱིས་གསར་འགོད་པར“རྒྱལ་ཁབ་ལྕགས་ལམ་ཚོགས་པས་ང་ཚོར་ཞིང་ཁྱིམ་མགྲོན་ཁང་ཁག་གཅིག་བསྐྲུན་རོགས་བྱས་པས་ཡུལ་མི་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད”ཅེས་བཤད། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ལྕགས་ལམ་སྡེ་ཁག་གིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཛུགས་སྐྲུན་གྱིས་དབུལ་སྐྱོར་ལ་སྐུལ་འདེད་བཏང་སྟེ། རྫོང109ཡི་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། རྫོང198མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་བསྐྱལ། སྐྱེལ་འདྲེན་གྱིས་དབུལ་སྐྱོར་བྱེད་པ་མཐའ་འཁྱོངས་བྱས་ནས། སྤྱི་ཕན་རང་བཞིན་གྱི“དལ་སྐྱོད་མེ་འཁོར”81ལ་ལོ26རིང་ལ་རིན་གོང་སྙོམས་སྒྲིག་མ་བྱས་པར། ལོ་རེར་ལམ་རྒྱུད་མང་ཚོགས་ཁྲི1200དང་ཡུལ་མིའི་ཞིང་ལས་ཐོན་རྫས་སོགས་རིན་མེད་ངང་དབོར་འདྲེན་བྱེད་ཀྱིན་ཡོད།

ནུས་སྲི་སྙིགས་འཕྲི་ལ་རམ་འདེགས་བྱས་ཏེ་ཐཱན་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་འབུལ་ཡོད།   

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ལྕགས་ལམ་རྒྱུན་ཆད་མེད་པར་རང་ངོས་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱས། མིག་སྔར། རྒྱལ་ཁབ་ལྕགས་ལམ་གྱི་གློག་ཤུགས་ཅན་དུ་འགྱུར་ཚད75%ཟིན་པ་དང་། རྒྱལ་ཁབ་ལྕགས་ལམ་གྱི་འབར་སྣུམ་ཟད་གྲོན་བྱེད་ཚད་དེ1985ལོའི་ཏུན་ཁྲི583ནས་ཏུན་ཁྲི231བར་མར་ཆག་པ་དང་། ཆག་ཚད60%ཟིན་ཡོད། ལོ་རེར་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི1256རེ་ཉུང་དུ་ཕྱིན་པ་དང་མཚུངས། 

“ལྕགས་ལམ་སྡེ་ཁག་གིས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་། ལྷག་པར་དུ་གནམ་སྔོན་སྲུང་བའི་གཡུལ་འཐབ་ལ་རྒྱལ་ཁ་ལེན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་ངམ་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཕུའུ་ཡིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།