ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལིར་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སའོ་ཅཱ་ཝ་ལེ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་གཉིས་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ནས། ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད་ལ། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཆོད་སེམས་ནི་ཡང་དག་འཁྲུལ་མེད་ཡིན་པ་དོན་དངོས་ཀྱི་ར་སྤྲོད་གསལ་བོ་བྱས་ཡོད། རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་གོ་རིམ་དང་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་གང་མང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་གླིང་ཚོམ་གྱིས་རང་རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་རང་རྟོགས་སྒོས་འཚོལ་ཞིབ་བྱེད་པར་བརྩི་མཐོང་བྱེད་ཀྱིན་ཡོད་ཅིང་། སོ་ལོ་མོན་གླིང་ཚོམ་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཟུང་བའི་རྣམ་འགྱུར་ལའང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་སོ་ལོ་མོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། སོ་ལོ་མོན་ཕྱོགས་དང་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་སོ་ལོ་མོན་བར་གྱི་ཏང་བར་གྱི་འབྲེལ་བ་དང་བརྗེ་རེས་ལ་ཤུགས་སྣོན་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་སོ་ལོ་མོན་གླིང་ཚོམ་འཕེལ་རྒྱས་གཏོང་བའི་འཆར་འགོད་གཉིས་སྦྲེལ་མཐུད་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སོགས་ཀྱི་སྟེགས་བུ་བརྒྱུད་དེ་ཐོན་རྫས་སྤུས་ལེགས་གང་མང་ཁྱབ་བརྡལ་དུ་བཏང་ནས། ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཀྱི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད།

སའོ་ཅཱ་ཝ་ལེ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་གྲུབ་འབྲས་རླབས་ཆེན་བླངས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་ལེགས་ངང་བསྡུ་ཐུབ་པའི་སྨོན་འདུན་ཞུས་པ་ཡིན། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་རིམས་ནད་འགོག་སྡོམ་ཐད་རོགས་སྐྱོར་ཆེན་པོ་བྱེད་ཀྱིན་པར་སོ་ལོ་ལོན་གླིང་ཚོམ་གྱིས་བསྔགས་བརྗོད་ཡི་རངས་བྱེད་ཀྱིན་ཡོད། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་རང་བཙན་རང་བདག་ལ་མོས་མཐུན་དང་ཕན་ཚུན་བརྩི་མཐོང་། སོ་སོའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་ཆོས་ཉིད་ལྟར། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཐེ་ཝན་དང་ཞིན་ཅང་། ཞང་ཀང་། མིའི་ཐོབ་ཐང་སོགས་གནད་དོན་སྟེང་ནས་མུ་མཐུད་དུ་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་བསྡུ་ལེན་སློབ་སྦྱོང་བྱས་ཏེ། ཀྲུང་གོ་དང་ལྷན་དུ་ཁྱབ་ཁོངས་སོ་སོའི་གཉིས་ཕན་རོགས་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་འབད་བརྩོན་བྱེད་འདོད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།