ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་རྒྱལ་སྟོན་དུས་ཆེན་གྱི་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཁ་པར་གྱི་ལམ་ནས་འབྲེལ་བ་བྱེད་ཐུབ་སོང་བར་དགའ་སྤྲོ་སྐྱེས།  ད་ལོར། འུ་གཉིས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་མཛའ་མཐུན་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། གནས་སྟངས་གསར་པའི་འོག་གི་ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་བརྟན་ཐོག་གོང་འཕེལ་འགྲོ་རྒྱུའི་ཐད་མཉམ་དུ་སྣེ་འདོམས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་དབང་གཅིག་མཐུན་ཅན་ཡིན། འཛམ་གླིང་གི་ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གཉིས་འཕྲོ་རིམ་འཕྲོར་བྱུང་བའི་རྙོག་འཛིང་ཆེ་བའི་གནས་བབ་འོག་ཏུ། ཕྱོགས་གཉིས་ཀའི་བར་ཐུན་མོང་གི་ཁེ་ཕན་དང་ཐུན་མོང་གི་དོ་ཁུར་བྱེད་ས་གང་མང་ཡོད།  ང་ཚོས་ཡང་དག་པའི་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་རྒྱུ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གང་ལེགས་འཇོག་དགོས།

རོན་ཧྥུའུ་ཀྲུང་གིས་བསྟན་དོན། མིག་སྔར་ཡོ་ནན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་སོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་མགྱོགས་མྱུར་ངང་འཕེལ་གྱིན་ཡོད། ཡོ་ནན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བའི་ཐད་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡོ་ནན་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་འབྲེལ་འདྲིས་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཏང་དང་རྒྱལ་ཁབ་བཅོས་སྐྱོང་ཐད་ནས་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་རིམས་ནད་འགོག་སྡོམ། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་གཉིས་རྒྱལ་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།