ཀྲུང་གོ་བོད་ཀྱི་དྲ་བ།

བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་སྐྲུན། ཡང་འབད་བསྐྱར་འབད་བཅས་བྱས་ནས་ཧྲའན་ཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཧྲའན་ཞི་ཡུས་ལིན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།

བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་སྐྲུན། ཡང་འབད་བསྐྱར་འབད་བཅས་བྱས་ནས་ཧྲའན་ཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བྱས་ཐོག བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་སྐྲུན། ཡང་འབད་བསྐྱར་འབད་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་དངོས་གནས་ལེགས་པོར་བཟུང་སྟེ།གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་གསར་པའི་གནས་བབ་ལ་སྔར་ལས་ལེགས་པར་ཞབས་ཞུ་དང་མཉམ་འདྲེས་བཅས་བྱས་ནས། ཧྲའན་ཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།

ཟླ9པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་ཧྲེང་ཀྲང་ཀྲའོ་དབྱི་ཏིའི་འགྲོ་རོགས་འོག ཁེ་ལས་དང་ཞིང་སྡེ། སློབ་གྲྭ། གསར་བརྗེའི་གནས་རྙིང་སོགས་སུ་རྟོག་ཞིབ་གནང་།

ཚེས13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཐོག་མར་རྒྱལ་ཁབ་ནུས་ཁུངས་ཚོགས་སྒྲིལ་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་རུ་ཕེབས་ཏེ། འཁོར་རྒྱུག་དཔལ་འབྱོར་གྱི་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་ལས་གཞིའི་འཆར་འགོད་དང་འཛུགས་སྐྲུན་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཡུས་ལིན་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། རྡོ་སོལ་ནི་རང་རྒྱལ་གྱི་གཙོ་གཞིའི་ནུས་ཁུངས་གལ་ཆེན་ཡིན་པའི་ཆ་ནས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལྟར། ཚད་ཐིག་བཞིན་ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་དམིགས་འབེན་འོས་འགན་མངོན་འགྱུར་བྱེད་དུ་འཇུག་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་ཚུགས་པ་དང་། སྤྱིའི་ཚད་ལ་ཚོད་འཛིན། མཐའ་ཐིག་སྲུང་བ་བཅས་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་ཚད་ཇེ་ཉུང་དང་གཞན་གྱིས་ཚབ་ཡོང་བར་བྱས་ཏེ། རྡོ་སོལ་འཛད་སྤྱོད་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་སྐུལ་སྤེལ་བྱེད་དགོས། རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་ཡིབ་ཤུགས་ཤིན་ཏུ་ཆེ་ཞིང་མདུན་ལམ་མི་དམན་པ་ཡོད། རྡོ་སོལ་ནི་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་ཡིན་པའི་ཆ་ནས་ཕྱོགས་བསྡུས་བེད་སྤྱོད་ནུས་པ་མཐོར་འདེགས་བཏང་སྟེ། རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་རྩེར་སོན་ཅན་དང་སྣ་མང་ཅན། ཐཱན་ཉུང་ཅན་དུ་འཕེལ་བར་སྐུལ་སྤེལ་བྱེད་པ་དང་། ཚན་རྩལ་གསར་སྐྲུན་ལ་ཤུགས་རྒྱག་པ་དེ་ཆེས་ཁ་ཚ་དགོས་གཏུག་གི་འོས་འགན་དུ་བརྩིས་ནས། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་བཏང་སྟེ། སོལ་ཅི་དམིགས་བསལ་འབར་རྫས་དང་སོལ་ཅི་སྐྱེ་དངོས་ཐཱན་འཕྲི་རྒྱུ་ཆ་སོགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས།

ཚེས13ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སྨི་ཀྲི་རྫོང་དབྱིན་ཀྲོའུ་སྲང་ལམ་ཀའོ་ཞི་ཀོའུ་སྡེ་བར་ཕེབས་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་། ཀའོ་ཞི་ཀོའུ་སྡེ་བའི་ལུང་ཐོའུ་རི་བོའི་རི་རྩེ་རུ། ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཀའོ་ཞི་ཀོའུ་སྡེ་བས་ས་སེར་དེའུ་འབུར་ས་ཁུལ་ལ་རྟོག་ཞིབ་བྱས་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་ངོ་སྤྲོད་ལ་གསན་གཟིགས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀའོ་ཞི་ཀོའུ་སྡེ་བ་ནི་ས་སེར་མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་ཐད་ཀྱི་དཔེ་མཚོན་ཡིན་ལ། ཁྱོད་ཚོས་ལྷོད་པ་མེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དུས་བསྟུན་མཉམ་སྐྱོད་ཀྱིས་ཞིང་སྡེའི་བྱ་གཞག་འཕེལ་རྒྱས་བཏང་བ་དེ། ལམ་དུ་འགྲོ་ཕྱོགས་འགྲིག་འདུག རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་དང་། སྐྱེ་ཁམས་བཅོས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ལམ་དུ་བགྲོད་དགོས།

ཀའོ་ཞི་ཀོའུ་སྡེ་བ་དང་བྲལ་རྗེས། ཞི་ཅིན་ཕིང་སྨི་ཀྲི་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་དབྱང་ཅ་ཀོའུ་ཡི་གསར་བརྗེའི་གནས་རྙིང་དུ་ཕེབས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི“ཟླ་བཅུ་གཉིས་པའི་གྲོས་ཚོགས”ཀྱི་གནས་རྙིང་དང་། མའོ་ཙེ་ཏུང་གི་གཞིས་རྙིང་། ཀྲོའུ་ཨེན་ལའེ་ཡི་གཞིས་རྙིང་སོགས་སུ་གཟིགས་སྐོར་གནང་སྟེ། གསར་བརྗེའི་ལོ་རྒྱུས་ལ་རྗེས་དྲན་དང་། གསར་བརྗེའི་སྔོན་རབས་པའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྲིད་ཇུས་དང་ཐབས་ཇུས་ནི་ཏང་གི་ཚེ་སྲོག་ལྟ་བུ་ཡིན། ལོ་ངོ་བརྒྱའི་རིང་དུ། ང་ཚོའི་ཏང་གིས་བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར། མཐུན་སྒྲིལ་གཅིག་གྱུར་བཅས་བྱས་ནས་མདུན་དུ་སྐྱོད་ཐུབ་པ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་དང་འོད་སྟོང་འབར་བའི་གྲུབ་འབྲས་ལེན་ཐུབ་པ་ནི། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱས་པ་དང་། མིག་རྒྱང་ཇེ་རིང་དང་ཕྲ་མཐོང་ཆེ་ཤེས་ཀྱིས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས་ལ། འཐབ་ཇུས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་པར་མ་ཟད། ཡང་དག་པའི་སྒོ་ནས་བརྡར་གཅོད་དང་གནས་བབ་ལ་ཚོད་འཛིན་བྱས་ཐོག དངོས་ཡོད་དང་འཚམ་པའི་དམིགས་འབེན་འོས་འགན་དང་སྲིད་ཇུས་ཐབས་ཇུས་བཟོས་པས་རེད། དུས་དང་རྣམ་པ་ཀུན་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་གི་ཚན་རིག་སྲིད་སྐྱོང་དང་དམངས་གཙོ་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། ཏང་གིས་ཁྱོན་ཡོངས་ལ་ཁ་ལོ་བསྒྱུར་བ་དང་། ཕྱོགས་སོ་སོའི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་མཐུན་སྦྱོར་བྱེད་པ་དེ་འདོན་སྤེལ་གང་ལེགས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་རྒྱུན་འཁྱོངས་བྱེད་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་ལྟ་བས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ལ་ཚོད་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་པ་དང་། དེ་དང་ཆབས་ཅིག་དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་དང་རང་རྒྱལ་གྱི་དོན་དངོས་ནས་མགོ་བརྩམས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྐུལ་སྤེལ་བྱེད་དགོས། ཞི་ཅིན་ཕིང་གིས་བསྟན་དོན། དམར་པོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཇེ་ཟབ་ཏུ་བཏང་ནས། དམར་པོའི་ཁྲག་རྒྱུན་གྱི་རྗེས་མཐུད་དགོས།

ཚེས14ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སུའེ་ཏེ་ས་གནས་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དུ་ཕེབས་ཏེ། གནས་རྙིང་གི་བཀོད་སྒྲིག་དང་ཉམས་གསོ་བྱས་པའི་གནས་འགར་གཟིགས་ཞིབ་ཞིབ་མོ་གནང་བ་དང་། འབྲེལ་ཡོད་ཆེད་དོན་འགྲེམ་སྟོན་ལ་གཟིགས་སྐོར་གནང་། ཞི་ཅིན་ཕིང་གིས་བསྟན་དོན། རྨང་མཐུག་པའི་གསར་བརྗེའི་ལོ་རྒྱུས་འདིར་ཕྱི་མིག་གིས་བལྟས་ཚེ། གསར་བརྗེ་རྒན་རབས་པ་རྣམས་ཀྱིས“ཏང་གི་ཁེ་ཕན་ཨང་དང་པོར་འཇོག་པ”རྒྱུན་འཁྱོངས་དང་། “ངལ་རྩོལ་མི་དམངས་ཆེས་མང་པོའི་ཕྱོགས་ནས་ལངས་པ”རྒྱུན་འཁྱོངས། “ནམ་ཡང་འབངས་མི་སེར་གྱི་ཕྱོགས་སུ་ལངས་པ”རྒྱུན་འཁྱོངས་བཅས་བྱས་ཡོད་པས། སློབ་གསོའི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་གསར་བརྗེའི་རྒྱལ་ཁ་བླངས་པ་དེ་ནི། མི་དམངས་ཀྱི་ཡིད་ཆེས་ཐོབ་པས་ཡིན་ལ། མི་དམངས་མང་ཚོགས་དུང་ཕྱུར་མང་པོས་བློ་བརྟན་འགྱུར་མེད་ཀྱིས་ང་ཚོའི་གཞོགས་སུ་ལངས་རྒྱུ་བདམས་པས་རེད། ང་ཚོས་མུ་མཐུད་དུ་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་དེ་གོ་གནས་ཆེས་མཐོ་སར་འཇོག་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་དང་། མི་དམངས་ཀྱི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་པ། མཉམ་དུ་སྒྲུབ་པ་བཅས་བྱེད་དགོས།

དེའི་རྗེས་ནས་ཞི་ཅིན་ཕིང་སུའེ་ཏེ་ཚོད་ལྟ་སློབ་འབྲིང་དུ་ཕེབས་ཏེ་སྔ་གཞུག་ཏུ་སློབ་ཁང་དང་། ལུས་རྩལ་ར་བར་ཞབས་ཀྱིས་བཅགས་ཏེ་སློབ་མ་ཚོས་ཡིག་གཟུགས་སློབ་པ་དང་ལུས་རྩལ་སྦྱོང་བར་གཟིགས་ལ།ཚང་མ་དང་ལྷན་དུ་བྱམས་བརྩེའི་གླེང་མོལ་མཛད། ཁོང་གིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ཀྱི་བྱུང་རབས་རིང་ལ། མུ་མཐུད་རྒྱུན་སྐྱོང་བའི་རྨང་གཞི་ནི་སློབ་གསོ་ལ་རག་ལས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན།

(པར་ངོས4པར་མཐུད་པ།)རྨང་གཞི་ནི་སློབ་གསོ་ལ་རག་ལས། ང་ཚོས་སློབ་གསོ་སྒྲུབ་པ་ནི། མི་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ་དང་། མིའི་ཁྱོན་ཡོངས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་ཤེས་ཡོན་ཚད་ཇེ་མཐོར་གཏོང་བ། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་ཡོངས་ཀྱི་གསར་སྐྲུན་གྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་གཤིས་བཟང་པོས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ་དང་། ཏང་དང་རྒྱལ་ཁབ། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་ཆེ་བའི་བརྩེ་དུང་སེམས་སུ་སིམ་དུ་བཅུག་སྟེ། འབད་པ་ཆེན་པོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས། སློབ་གསོ་དང་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། སློབ་གྲྭའི་སློབ་གསོའི་འཐབ་ར་གཙོ་བོའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སློབ་གྲྭའི་སློབ་གསོའི་སྤུས་ཀ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། ཚད་ལས་བརྒལ་ལ་ལྕི་དྲག་པའི་སྦྱོང་ཚན་གྱི་འགན་ཁུར་དང་སློབ་ར་ཕྱིའི་གསོ་སྦྱོང་གི་འགན་ཁུར་དངོས་གནས་ཇེ་ཡང་དུ་བཏང་སྟེ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་སྒྲུབ་བྱེད་དགོས། མཐའ་མཇུག ཞི་ཅིན་ཕིང་གིས་སློབ་མ་ཚོར་དུས་ཚོད་དམ་འཛིན་བྱས་ཏེ། རང་གཅུན་སྤྱོད་ལེགས་དང་། དཀའ་སྤྱད་ཡར་བརྩོན། ལུས་པོ་བདེ་ཐང་དང་། བློ་རྩ་ཞུན་བརྡར་གྱིས་རྒྱལ་ཁབ་དང་མི་དམངས། སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་པའི་སྐུལ་ལྕག་མཛད།

ཞི་ཅིན་ཕིང་སུའེ་ཏེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་དུ་ཕེབས། ཁོང་གིས་བསྟན་དོན། སུའེ་ཏེ་ནི་ས་སེར་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོའི་གྲས་ཡིན་ལ། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པས། ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་འབའ་ཞིག་བྱུང་ཞིང་འཕེལ་བ་དང་། ཧྲའན་པེ་མི་དམངས་ཀྱི་སྤྲོ་སེམས་དང་བབ་ཆགས། དཔའ་སྙེམས་བཅས་མངོན་ཡོད། དམངས་ཁྲོད་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་བྲལ་བའི་ནོར་བུ་འབའ་ཞིག་ཡིན་པས། སྔོན་རབས་པ་ཚོས་བཞག་པའི་ནོར་བུ་འདི་དག་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་ལེགས་པོ་བྱས་ན། ལོ་རྒྱུས་རིག་གནས་ཀྱི་རྒྱུན་སྲིང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གསར་སྐྲུན་རང་བཞིན་ལ་བསྒྱུར་བ་དང་། གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བའི་འབྲེལ་ཐག་བཙལ་ཏེ། མི་དམངས་ཀྱི་ཉིན་རེར་འཕེལ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་ཚིམ་དུ་འཇུག་དགོས། སུའེ་ཏེ་རྫོང་མཁར་གྱི་ནུབ་ལྷོར་ཆགས་པའི་ཀྲང་ཅ་པེན་གྲོང་རྡལ་ཧེ་ཅ་ཆའོ་སྡེ་བ་ནི། སུའེ་ཏེ་ས་གནས་ཏང་ཨུས་འཇར་འགོག་དུས་སྐབས་སུ་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་རྙེད་པའི་དཔེ་སྟོན་སྡེ་བ་ཞིག་ཡིན་ལ། “སྡེ་བ་རེ་རེས་ཧེ་ཅ་ཆའོ་སྡེ་བར་སློབ་སྦྱོང་བྱེད་པ་དང་། མི་རེ་རེས་ལིའུ་ཡུས་ཧོའུ་ལ་སློབ་སྦྱོང་བྱེད་པ”ཡི་བྱ་འགུལ་སྤེལ་བ་བརྒྱུད། ཐོན་སྐྱེད་ཆེན་མོའི་ཚ་རླབས་འཕྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཧེ་ཅ་ཆའོ་སྡེ་བས་ཁྱད་ལྡན་ཐོན་ལས་འབད་པ་ཆེན་པོས་འཕེལ་རྒྱས་བཏང་སྟེ། སྡེ་བའི་རྣམ་པ་དང་ཉམས་སྣང་། སྡེ་དམངས་ཀྱི་འཚོ་བ་བཅས་ལ་འགྱུར་ལྡོག་ཆེན་མོ་བྱུང་སྟེ། “རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེ”ཡི་གཟི་བརྗིད་མཚན་སྙན་ཐོབ། ཚེས14ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གནས་འདིར་ཕེབས་ཏེ། སྡེ་བའི་ལོ་རྒྱུས་འགྲེམ་སྟོན་ལ་ཞིབ་མོར་གཟིགས་ཏེ། “གསར་བརྗེའི་རི་སྡེ”དེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་མཛད། དེའི་རྗེས། ཞི་ཅིན་ཕིང་སྡེ་དམངས་ཧོའུ་ཀྲི་རུང་ཚང་ལ་གཟིགས་སྐོར་དུ་ཕེབས། ཧོའུ་ཀྲི་རུང་ཚང་སྔོན་ཆད་ནད་ཀྱི་དབང་གིས་དབུལ་བོར་གྱུར་པ་དང་། རིམ་པ་སོ་སོའི་རོགས་སྐྱོར་དང་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས2016ལོར་དབུལ་ཕོངས་ལས་ཐར། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱེད་ཚང་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་བ་དང་། བཟའ་མི་ཡང་མང་བས་སེམས་དགའ་ཞིང་བློ་བདེ་ནས་ཡོད། ཡུལ་མི་སྤུན་ཟླ་ཚོར་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ཡིན་པས། གུང་ཁྲན་ཏང་གིས་དོན་འདི་ལེགས་པར་བསྒྲུབ་འོས་ཤིང་། རྒྱུགས་ལན་བཟང་པོ་རྒྱུན་ཆད་མེད་པར་སྤྲོད་དགོས། ཏང་ཡོངས་དང་རྒྱལ་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པ་དང་། ཤུགས་སྐྱེད་སྟོབས་སྤེལ་དང་། རང་སྟོབས་རང་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་འཇོག་གང་ཐུབ་བྱེད་དགོས།

སྡེ་བའི་སྔོ་ཚོད་སིལ་ཏོག་སྤྱིལ་ཁང་ལྟེ་གནས་སུ། ཞི་ཅིན་ཕིང་གིས་སྡེ་བ་དེའི་ཐོན་ལས་འཆར་འགོད་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པ་དང་། སྤྱིལ་ཁང་དུ་ཕེབས་ཏེ་རྒུན་འབྲུམ་གྱི་སྐྱེས་ཚུལ་ལ་གཟིགས། སྡེ་བའི་རོགས་རེས་བདེ་སྐྱིད་གླིང་དང་། སྡེ་བའི་འཕྲོད་བསྟེན་ས་ཚིགས་སུ། ཞི་ཅིན་ཕིང་གིས་སྡེ་བའི་ལོ་ལོན་དང་སྨན་བཅོས་མི་སྣ་རྣམས་དང་ལྷན་དུ་མཛའ་བརྩེའི་ངང་གླེང་མོལ་མཛད། ཁོང་གིས་བསྟན་དོན། ཧེ་ཅ་ཆའོ་སྡེ་བར་ཐོན་རྗེས། ང་ལ་སློབ་གསོ་དང་བློ་སྐྱེད་མང་པོ་ཐོབ། ལུང་ཁུག་ཅིག་ཕྱུག་བསྒྱུར་གྱི་ལམ་དུ་སོང་སྟེ། འཚོ་བ་སྐྱིད་པོ་རོལ་བ་ནི། སྲིད་ཇུས་བཟང་བ་དང་མི་ལ་བརྩོན་འགྲུས་ལྡན་པ། མཐུན་རྐྱེན་འགྲིག་པ་བཅས་ལ་བརྟེན་པ་ཡིན། ས་འདི་ནས་སྒྲུབ་ནུས་པ་ཞིག་ས་གཞན་ནས་ཀྱང་སྒྲུབ་ནུས། གལ་ཆེ་བ་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནས་ཚུལ་གསལ་རྟོགས་བྱེད་པ། གནད་དོན་གྱི་གཏིང་རྟོགས་པ། བྱེད་ཐབས་རྙེད་དགོས་པ་དང་། ཉམས་མྱོང་སྤྱི་བསྡོམས་བཅས་བྱས་ཏེ། དཔེ་མཚོན་སྣེ་ཁྲིད་དང་མིག་དཔེ་ཡི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་དགོས་པ་དང་། ཏང་ཀྲི་པུའུ་ལེགས་འཛུགས་དང་། མགོ་ཁྲིད་མཁན་ལེགས་པར་བདམས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

སྡེ་བ་དང་གྱེས་མཁར་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་ངང་ཡུལ་མི་སྤུན་ཟླ་ཚོར་གསུང་རྒྱུར། གསར་བརྗེའི་དམག་འཁྲུག་དུས་སྐབས་ཀྱི་ཐོན་སྐྱེད་ཆེན་མོའི་འགུལ་སྐྱོད་ཡིན་ནའང་འདྲ། ཡང་ན་དུས་རབས་གསར་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཡིན་ནའང་འདྲ། ཧེ་ཅ་ཆའོ་སྡེ་མིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དེ་གསར་འབྱེད་གསར་སྐྲུན་བྱས་ཡོད། རེ་བ་ཡིན་ལ་ཁྱེད་ཚོས་མུ་མཐུད་དུ་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། ཏང་ལ་དྲིན་གཟོ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ། གཞན་ལས་སྔོན་མ་བྱེད་ཕོད་པ་དང་བརྩོན་པ་ཧུར་བསྐྱེད་བྱས་ཏེ། འབད་པ་ཆེན་པོས་ཧེ་ཅ་ཆའོ་སྡེ་བ་གྲོང་གསེབ་དར་སྤེལ་གྱི་མིག་དཔེ་རུ་བསྐྲུན་དགོས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།