ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཝུན་ལའེ་རྒྱལ་ཁབ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1632442866378768.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས23ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བརྙན་ལམ་བརྒྱུད་དེ་ཝུན་ལའེ་རྒྱལ་ཁབ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་དཔོན་ལཱ་ཧི་མན་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས23ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བརྙན་ལམ་བརྒྱུད་དེ་ཝུན་ལའེ་རྒྱལ་ཁབ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་དཔོན་ལཱ་ཧི་མན་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཝུན་ལའེ་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའུ་ཏན་ཧ་སང་ན་ཨར་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་ཆེད་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་མགྱོགས་ལམ་དུ་ཞུགས་པར་སྐུལ་འདེད་བཏང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་ཟབ་ཏུ་སོང་བ་དང་དངོས་གཉེར་མཉམ་ལས་ཀྱི་ཁྱབ་རྒྱ་སྔར་ལས་ཇེ་ཡངས་སུ་སོང་ལ། མི་ཆོས་འགྲོ་འོང་བརྗེ་རེས་སྔར་ལས་ཇེ་དམ་དུ་སོང་བར་བརྟེན། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཕན་ཚུན་འབྲེལ་འདྲིས་དང་གཞོགས་འདེགས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཝུན་ལའེ་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བར་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བོའི་ལྟ་སྟངས་འཛིན་ཀྱིན་ཡོད་ཅིང་། ཝུན་ལའེ་རྒྱལ་ཁབ་ལ་བློས་ཐུབ་ཀྱི་གྲོགས་པོའི་ཞེ་འདང་བཟུང་ཡོད་པར་མ་ཟད། ཐུན་མོང་འཕེལ་རྒྱས་ཀྱི་རོགས་པ་བཟང་བོ་ཞིག་ཏུ་བརྩིས་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་སུམ་ཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀས་ལོ་སུམ་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ནས། འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་མུ་མཐུད་འཕེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས། གཅིག་ནས་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཐད་ཀྱི་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སོ་སོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་སྟེང་སྔར་ལས་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། གཉིས་ནས་རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་རིམས་ནད་ལས་རྒྱལ་བར་འབད་དགོས། གསུམ་ནས་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས། བཞི་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལེགས་པར་སྤེལ་ནས། མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས།

ལཱ་ཧི་མན་གྱིས་བསྟན་དོན། ཝུན་ལའེ་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་དུས་ཡུན་རིང་བོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོས་ཝུན་ལའེ་ཡི་རིམས་ནད་འགོག་སྡོམ་ལ་རྒྱབ་སྐྱོར་བྱས་པར་མ་ཟད། འགོག་ཁབ་འདོན་སྤྲོད་གང་ལེགས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོའི་བྱེད་ཕྱོགས་འདིའི་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་ཕྱོགས་གཉིས་ཀས་ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་གང་ལེགས་འཇལ་བཞིན་པ་མཚོན་ཐུབ། ཝུན་ལའེ་རྒྱལ་ཁབ་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་གང་ལེགས་འཇོག་འདོད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།