ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དུས་བརྒལ་སྙོམས་སྒྲིག་ལེགས་སྒྲུབ་བྱེད་པ་དང་འོས་འཚམ་སྔོན་དཔག་བརྟན་འཇགས་སུ་བཏང་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཆར་འགོད་བརྒྱུད་དེ་ནང་མཁོ་རྒྱ་བསྐྱེད་ཅིང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གཏིང་ཤུགས་ཇེ་ཆེར་གཏོང་བར་གྲོས་ཞིབ་བྱས་ཤིང་། ཉེན་ཁ་ཆེ་བའི་ཆུ་མཛོད་འབྲིང་ཆུང་མྱུར་དུ་ཇེ་བརྟན་དུ་བཏང་ནས། ཆུ་འདོན་དང་གནོད་འགོག་གནོད་སེལ་ནུས་པ་ཇེ་ཆེར་གཏོང་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་འབྱུང་བཞིན་ཡོད་པ་དང་ལས་ཞུགས་གནས་བབ་བརྟན་འཇགས་ཡིན། ཡིན་ནའང་ཉེ་བའི་དུས་སྐབས་ཤིག་ལ་རྒྱལ་སྤྱིའི་ཁོར་ཡུག་ཕྱོགས་སུ་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ཕྱོགས་སུའང་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་དང་ཚོང་རྫས་གང་མང་གི་རིན་གོང་ཇེ་མཐོར་འགྲོ་བ་སོགས་ཀྱི་འགྲན་རྩོད་གནས་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་བྱེད་པ་དང་། རྗེས་དེད་ནས་དཔལ་འབྱོར་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་དགོས་ལ། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱེད་པ་དང་ནུས་ལྡན་རང་བཞིན་ཇེ་དྲག་ཏུ་གཏོང་བ། སྔོན་དཔག་སྙོམས་སྒྲིག་དང་དུས་འཁོར་བརྒལ་བའི་སྙོམས་སྒྲིག་ལེགས་སྒྲུབ་བྱེད་དགོས་ལ། ནོར་སྲིད་དང་དངུལ་རྩ། ལས་ཞུགས་སྲིད་ཇུས་མཉམ་འབྲེལ་བྱེད་པར་ཤུགས་སྣོན་ཞིང་ཚོང་རའི་ལུགས་མཐུན་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་དགོས། འཛད་སྤྱོད་ལ་སྔར་ལས་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་གཏན་ལ་ཕབ་པ་དང་། སྤྱི་ཚོགས་ཀྱི་དངུལ་གཏོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་དགོས་ལ། ཕྱི་ཕྱོགས་ཉོ་འཚོང་དང་དངུལ་བསྡུའི་འཕར་སྣོན་སྲུང་འཛིན་བྱས་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཆ་འཕྲིན་དྲ་རྒྱ་རྨང་གཞི་ཡིན་པ་དང་ལག་རྩལ་གསར་སྐྲུན་ལ་རྒྱབ་བརྟེན་ནས་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས། གཅིག རྒྱལ་ཁབ་ཀྱི་རྐང་འཛིན་དྲ་རྒྱ་དང་མཁར་ཁོངས་དྲ་རྒྱ་མཐུན་སྦྱོར་སྒོས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས། གཉིས། རིམ་པ་མང་པོའི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་གསར་སྐྲུན་བྱས་ཏེ། མཉམ་བསྲེས་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ། སློབ་ཆེན་དང་ཚན་རིག་ཞིབ་འཇུག་གླིང་། མཐོ་གསར་ལག་རྩལ་ཁེ་ལས་སོགས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། བཞི། སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བཏང་ནས། དམངས་གཉེར་དང་ཕྱི་ཕྱོགས་མ་རྩ་དེ་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་ཚོང་གཉེར་ཁྲོད་དུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ལྔ། བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། ཆུ་མཛོད་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད་པས། ཞན་ཆ་དང་མི་འདང་སའི་ལས་རིམ་སྣ་ཚོགས་ལ་དམིགས་ཏེ་ཉེན་ཁ་ཆེ་བའི་ཆུ་མཛོད་ཇེ་བརྟན་དུ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།