ལིས་ཀྲན་ཧྲུའུ་ཡིས་ལུ་ཙེམ་པོག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་ཐི་རིང་དང་གྲོས་མོལ་མཛད།

1632353888527073.jpg

ཟླ9བའི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་ལུ་ཙེམ་པོག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་ཐི་རིང་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་ལམ་ནས་ལུ་ཙེམ་པོག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་ཐི་རིང་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ལུ་ཙེམ་པོག་ནི་ཀྲུང་གོའི་ཡོ་རོབ་གླིང་གི་མཛའ་མཐུན་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་འཚོང་བརྗེ་རེས་ཚོགས་འདུའི་འཛམ་གླིང་ཞབས་ཞུའི་ཉོ་འཚོང་མཐོ་རིམ་གྲོས་ཚོགས་སྟེང་ཀྲུང་གོས་སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཡོངས་སུ་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་ལྡོག་ཕྱོགས་རྩིས་ཁྲ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཞབས་ཞུའི་ཉོ་འཚོང་གསར་སྐྲུན་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ཐད་འཚོལ་ཞིབ་བྱེད་ངེས་ཡིན་ཞེས་ནན་གྱིས་བསྟན་པ་དེས་ཀྲུང་གོ་དང་ལུ་ཙེམ་པོག་བར་གྱི་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་ངེས་ཡིན། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་བསྐྱར་དར་ལ་མཉམ་དུ་སྐུལ་སྤེལ་བྱེད་པ། འབྲེལ་འདྲིས་བརྗེ་རེས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་བར་རྒྱུས་ལོན་ཚད་ཇེ་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ལུ་ཙེམ་པོག་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་ཐུན་མོང་གི་ལྟ་ཚུལ་ཡིན་པ་དང་། ཐུན་མོང་གི་འགན་འཁྲི་ཡང་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ལུ་ཙེམ་པོག་རྒྱལ་དམངས་གྲོས་ཁང་དང་མཉམ་ལས་བྱེད་པར་ཤུགས་སྣོན་ཞིང་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱས་ནས་གཏན་འཁེལ་བྱེད་དགོས། རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་ཕྱོགས་མང་གྲོས་ཁང་རྩ་འཛུགས་ཁྲོད་དུ་འབྲེལ་འདྲིས་དམ་པོ་བྱེད་དགོས་ཟེར།

ཨེ་ཐི་རིང་གིས་བཤད་དོན། ལུ་ཙེམ་པོག་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་ལ་ཆེ་ཆུང་ཡོད་ནའང་དེས་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ཐེབས་མི་སྲིད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་འཚོང་དང་དངུལ་རྩ། སྒྲིག་ཆས་གསར་བཟོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ལུ་ཙེམ་པོག་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།