ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུའུ་ཧན་གནད་དོན་གྱི་མཉམ་འབྲེལ་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་བརྙན་རིས་ཀྱི་ལམ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུའུ་ཧན་གནད་དོན་ཐད་ཀྱི་མཉམ་འབྲེལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།   ཉེ་ལམ།  ཨ་ཧྥུའུ་ཧན་གྱི་གནས་བབ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་རྒྱལ་སྤྱིའི་གནས་བབ་དང་ས་ཁུལ་རྣམ་པ།   བདེ་འཇགས་གཏན་འཇགས་བཅས་ཐད་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པ་རེད།   མིག་སྔར།   ཨ་ཧྥུའུ་ཧན་དཀའ་གནད་དང་འགྲན་རྩོད་མང་པོར་འཕྲད་ཡོད་པ་དང་།   རྒྱུན་ལྡན་གྱི་སྒྲིག་ལམ་མྱུར་དུ་སླར་གསོ་བྱས་ཏེ་གནས་བབ་བདེ་འཇགས་མངོན་འགྱུར་བྱེད་རྒྱུ་ནི་ཨ་ཧྥུའུ་ཧན་མི་དམངས་ཡོངས་ཀྱི་བྲེལ་མྱུར་ལས་འགན་ཡིན་པ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁུལ་རྒྱལ་ཁབ་གྱིས་ཀྱང་དོ་ཁུར་ཆེན་པོ་བྱེད་དགོས།    ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ནི་ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་ཡིན་པ་དང་།    ཚང་མ་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ལ།   བདེ་འཇགས་ཐུན་མོང་ཚོགས་པའང་ཡིན་པས།    གནད་འགག་གི་དུས་སྐབས་སུ། མཉམ་དུ་བྱེད་ནུས་འདོན་སྤེལ་བྱས་ཏེ་ཞི་བདེ་གཏན་འཇགས་སྲུང་སྐྱོབ་བྱེད་འོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   རྒྱལ་ཁབ་ཅིག་གི་དོན་ཆེན་དེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཐག་གཅོད་དགོས་པ་དང་།   རྒྱལ་སྤྱིའི་སྟེང་གི་བྱ་བ་ཚང་མ་ཚང་མས་གྲོས་བསྡུར་བྱས་ཏེ་སྒྲུབ་དགོས།   ང་ཚོས་ཨ་ཧྥུའུ་ཧན་གྱི་བདག་དབང་དང་རང་བཙན།   མངའ་ཁོངས་ཆ་ཚང་བཅས་ལ་བརྩི་བཀུར་བྱེད་པའི་སྔོན་འགྲོའི་འོག་ཏུ།    ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་པ་དང་།   ཨ་ཧྥུའུ་ཧན་གྱི་མིར་དབང་བའི་གཞི་རྩའི་རྩ་དོན་ལག་བསྟར་བྱེད་པར་རོགས་སྐྱོར་བྱས་ནས།    ཨ་ཧྥུའུ་ཧན་གྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་རང་ཐག་གཅོད་དུ་འཇུག་དགོས།   ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་རྩ་འཛུགས་གཉིས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐུན་མིན་ཁྱད་ཆོས་དང་རང་རང་གི་དགེ་མཚན་འདོན་སྤེལ་བྱས་ཏེ།    ཆབ་སྲིད་ཀྱིས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་།    ཨ་ཧྥུའུ་ཧན་གྱི་ཟིང་འཁྲུག་ཞི་འཇགས་སུ་གཏོང་བ་དང་གཏན་འཇགས་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ་ཨ་ཧྥུའུ་ཧན་ཡོངས་ཁྱབ་བདེ་འཇགས་དང་ཐུན་མོང་བདེ་འཇགས།   མཉམ་ལས་བདེ་འཇགས།    ཡུན་རིང་བདེ་འཇགས་ཡོང་བ་མངོན་འགྱུར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསམ་འཆར་དང་གྲོས་གཞི་གསུམ་བཏོན།

གཅིག     ཨ་ཧྥུའུ་ཧན་གྱི་གནས་བབ་མྱུར་དུ་གཏན་འཇགས་ངང་བར་བར་བརྒལ་ཐུབ་པར་སྐུལ་འདེད་གཏོང་དགོས།   ཨ་ཧྥུའུ་ཧན་རྒྱལ་ནང་གི་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ཏེ་སྔ་མོ་ནས་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་དགོས།    ཨ་ཧྥུའུ་ཧན་རྒྱལ་ནང་གི་འཇིགས་སྐུལ་རྩ་འཛུགས་ཀྱི་གནས་ཚུལ་ལ་མུ་མཐུད་དུ་དོ་སྣང་བྱེད་པ་དང་།  ཨ་ཧྥུའུ་ཧན་རྒྱལ་ནང་གི་འབྲེལ་ཡོད་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་སྐུལ་མ་གཏོང་བ།   རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་སྤྱད་དེ་མཐའ་གཅིག་ཏུ་གཙང་སེལ་བྱས་ནས་ཨ་ཧྥུའུ་ཧན་དུ་ཡོད་པའི་འཇིགས་སྐུལ་སྟོབས་ཤུགས་ཀྱིས་ཀུན་ལ་གནོད་སྐྱེལ་བ་སྔོན་འགོག་བྱེད་དགོས།

གཉིས།     ཨ་ཧྥུའུ་ཧན་བར་འབྲེལ་འདྲིས་གྲོས་མོལ་བྱེད་དགོས།   ཨ་ཧྥུའུ་ཧན་གྱི་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་ཏེ།  ཨ་ཧྥུའུ་ཧན་གྱི་སྲིད་དབང་གསར་པ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ་ལྡན་པར་སྐུལ་འདེད་གཏོང་བ་དང་། གཟབ་ནན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་བྱེད་དགོས།

གསུམ།   ཨ་ཧྥུའུ་ཧན་གྱི་མི་དམངས་དཀའ་གནད་ལས་ཐར་བར་རོགས་སྐྱོར་བྱེད་དགོས།   དུས་ཐོག་ཏུ་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་ཨ་ཧྥུའུ་ཧན་མི་དམངས་ཀྱི་དཀའ་གནད་སེལ་རོགས་བྱེད་དགོས།    ཀྲུང་གོས་མྱུར་དུ་རོགས་སྐྱོར་དངོས་རྫས་སྐོར་ཞིག་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པར་མ་ཟད།    རང་ནུས་ཅི་ལྕོགས་ཀྱི་རོགས་སྐྱོར་མང་པོ་མུ་མཐུད་དུ་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབྲེལ་འདྲིས་མཐུན་སྦྱོར་དང་འབད་བརྩོན་བྱས་ཏེ་ཨ་ཧྥུའུ་ཧན་གྱི་མི་དམངས་འོད་སྟོང་ལྡན་པའི་མ་འོངས་པར་བསྐྱོད་པ་དང་།   རང་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་གཏན་འཇགས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་།    ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ།   ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་སོགས་བརྙན་རིས་ཀྱི་ལམ་ནས་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཏེང་ཞའེ་ཞང་དང་དབྱང་ཅེ་ཁྲི།    ཧི་ལི་ཧྥིན་སོགས་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཝང་དབྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་བྱས་ཏེ་ཐཱ་ཅི་ཁི་སི་ཐན་གྱི་ཡུལ་དངོས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།