ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཧྲང་ཧེ་རུ་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཧྲང་ཧེ་ནས་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།    ཁོས་ནན་གྱིས་བསྟན་དོན།    ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ།    བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཐོན་ཁུངས་ཅན་དང་གནོད་མེད་ཅན་སོགས་ཀྱི་རྩ་དོན་ལྟར་སྲ་གཟུགས་བེད་མེད་དངོས་པོའི་སྦགས་བཙོག་འགོག་བཅོས་བྱ་བ་དམ་འཛིན་བྱེད་དགོས།

ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་ཁྲོང་མེང་ཆུའུ་དང་ཁྲང་ཉིང་ཆུའུ་སོགས་སུ་སོང་ནས་སྲ་གཟུགས་བེད་མེད་དངོས་པོའི་ཕྱོགས་བསྡུས་བཀོལ་སྤྱོད་རྟེན་གཞི་དང་འཚོ་བའི་གད་སྙིགས་བརྒྱུད་སྐྱེལ་འཁོར་སྒམ།    ཁེ་ལས་སོགས་སུ་ཟབ་ཞུགས་བྱས་ནས་སྲ་གཟུགས་བེད་མེད་དངོས་པོ་ཐག་གཅོད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་།    སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་དང་ཚན་རྩལ་གསར་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད།  བཞུགས་མོལ་ཚོགས་འདུ་བསྡུས་ཏེ་སྲ་གཟུགས་བེད་མེད་དངོས་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན།   ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར།   ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་འབུར་ཐོན་གོ་གནས་སུ་བཞག་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་མང་པོར་གསུང་བཤད་གལ་ཆེན་གནང་བར་མ་ཟད།    མཛུབ་སྟོན་གལ་ཆེན་གནང་སྟེ་སྐུ་ངོ་མས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལ་འགོ་ཁྲིད་གནང་བ་རེད།   ཧྲང་ཧེ་ཡིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་བསྟར་བྱས་པ་དང་།   ཁྲིམས་ལྟར་སྲ་གཟུགས་བེད་མེད་དངོས་པོའི་འགོག་བཅོས་བྱ་བ་སྤེལ་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན།   སྲ་གཟུགས་བེད་མེད་དངོས་པོའི་འགོག་བཅོས་བཅའ་ཁྲིམས་ནི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན་པ་དང་།    དེ་ཕྱོགས་གཅིག་ནས་སྦགས་བཙོག་ཇེ་ཉུང་དུ་གཏོང་བ་དང་འབྲེལ་ཡོད་ལ།  ཕྱོགས་གཅིག་ནས་ཐཱན་ཇེ་ཉུང་དུ་གཏོང་བ་དང་འབྲེལ་ཡོད།    བཅའ་ཁྲིམས་འདི་ལག་བསྟར་བཟང་བོ་བྱེད་དགོས་ན།     གཅིག་ནས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཐོན་ཁུངས་ཅན་དང་གནོད་མེད་ཅན་སོགས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས།  གཉིས་ནས་གཙོ་གནད་དཀའ་གནད་བྱ་བ་ཁྲིམས་ལྟར་བཟང་བོར་བསྒྲུབ་དགོས་པ་དང་།    འཚོ་བའི་གད་སྙིགས་དང་ཉེན་ཁ་ཆེ་བའི་བེད་མེད་དངོས་པོ།   སྨན་བཅོས་བེད་མེད་དངོས་པོ་སོགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་ཐེབས་པར་དམིགས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དགོས།  གསུམ་ནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བཅའ་ཁྲིམས་འགན་འཁྲི་ཇེ་ཞིབ་ཏུ་གཏོང་དགོས།  བཞི་ནས་སྲ་གཟུགས་བེད་མེད་དངོས་པོས་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་འཁྲིམས་འགལ་བྱ་སྤྱོད་ལ་བཅོས་སྐྱོང་ནན་མོ་བྱེད་པའི་སྣང་ཚུལ་སྲུང་འཛིན་བྱེད་དགོས།  ལྔ་ནས་སྲ་གཟུགས་བེད་མེད་དངོས་པོའི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་ལུགས་དྲ་རྒྱ་བརྟན་པོར་འཛུགས་དགོས།

ཧྲང་ཧེ་རུ་སྡོད་པའི་སྐབས་སུ།   ལིས་ཀྲན་ཧྲུའུ་གྲོང་ཁྱེར་དམངས་ཆེན་སོགས་སུ་སོང་ནས་རྟོག་ཞིབ་བྱས།  ཁོས་བསྟན་དོན།    ཧྲང་ཧེ་ཡིས་འཛུགས་སྐྲུན་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་།  མདོར་དེད་ན།   དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་གྱི་གྲུབ་འབྲས་ཡིན།     ཧྲང་ཧེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲང་ཧེ་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་ལྟར།  མུ་མཐུད་དུ་རྒྱལ་ཡོངས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་མཁན་དང་གསར་སྐྲུན་འཕེལ་རྒྱས་ཀྱི་སྔོན་སྐྱོད་མཁན་བྱས་ནས་འཛམ་གླིང་གི་ཤུགས་རྐྱེན་ནུས་ཤུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར་ཧོང་ཆའོ་སྲང་ལམ་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ཁུལ་དུ་གཟིགས་ཞིབ་གནང་སྐབས།   མི་དམངས་དམངས་གཙོ་ནི་གོ་རིམ་ཧྲིལ་བོའི་དམངས་གཙོ་ཡིན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་བཏོན་མྱོང་།   གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་རིགས་གཞུང་དོན་སྙིང་དང་ལག་ལེན་དོན་སྙིང་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས།   ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ཀྱིས་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།    བློ་བརྟན་འགྱུར་མེད་སྒོས་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་ཤེས་རབ་དང་སྟོབས་ཤུགས་འབུལ་རྒྱུ་ནི་རེ་བ་ཡིན།

ཞིབ་བཤེར་ཚན་ཆུང་གིས་ད་རུང་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ཀྲུང་གུང་ཚོགས་ཆེན་གཉིས་པའི་ཚོགས་གནས་དྲན་གསོ་ཁང་ལ་ལྟ་སྐོར་བྱས།    ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ཏང་དང་མི་དམངས་ལ་བློ་དཀར་བ་དེ་ཏང་དང་མི་དམངས་ཀྱི་ལས་དོན་གྱི་ཆེད་དུ་འབད་འཐབ་བྱེད་པའི་འགུལ་སྐྱོད་དངོས་ཀྱི་ཁྲོད་དུ་དོན་འཁྱོལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།